༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་སེམས་ཁམས་ཚན་རིག་པ་དང་བགྲོ་གླེང་མཛད།


2018.05.18
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་ནས་སེམས་ཁམས་ཚན་རིག་མཁས་པ་དང་བགྲོ་གླེང་མཛད་སྐབས། ༢༠༡༨།༥།༡༨ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་ནས་སེམས་ཁམས་ཚན་རིག་མཁས་པ་དང་བགྲོ་གླེང་མཛད་སྐབས། ༢༠༡༨།༥།༡༨
OHHDL/FB

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལ་དེ་བྱམས་བརྩེའི་ཕྱོགས་སུ་བསྐྱོད་པ་ཞེས་དྲ་ཐོག་ནས་སེམས་ཁམས་ཚན་རིག་མཁས་པ་དང་བགྲོ་གླེང་མཛད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་བོད་ཁང་གི་འགན་འཛིན་ར་ཝི་ཝར་མ་ལགས་ཀྱིས་ཇི་ལྟར་གསོལ་འདེབས་དང་གོ་སྒྲིག་ཞུས་པ་ལྟར། ཕྱི་ཚེས་ ༡༨ ཉིན་བཞུགས་སྒར་ནས་དྲ་ལམ་ཐད་ཀར་རྒྱང་སྲིང་བརྒྱུད་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གྲོང་ཁྱེར་སེན་ཧྥ་རེཎ་སིསྐོ་དང་ཨའོ་སྦརྞ་གྲོང་ཁྱེར་ནང་གི་སེམས་ཁམས་རིག་པ་སོགས་ཚན་རིག་པ་གཙོ་གྱུར་གྱི་མི་སྣ་བརྒྱ་ཕྲག་ཁ་ཤས་དང་། ལྷག་པར་སེམས་ཁམས་ཚན་རིག་པ་གྲགས་ཅན་འབུམ་རམས་པ་པཱོལ་ཨེཀ་མཎ་མཆོག་བཅས་དང་ལྷན་དུ། གོ་ལ་བྱམས་བརྩེའི་ཕྱོགས་སུ་བསྐྱོད་པ་ཞེས་པའི་མཚན་བྱང་འོག་འཇིག་རྟེན་ནང་དུ་བྱམས་བརྩེ་གོང་སྤེལ་གཏོང་ཐབས་ཀྱི་སྐོར་ལ་བཀའ་མོལ་ལྷུག་པོ་བྱུང་ཞིང་། སྐབས་དེར་པཱོལ་ཨེཀ་མཎ་ཁོང་ཟས་དུག་ཕོག་པའི་རྐྱེན་གྱི་སྙུན་གཞི་བཞེས་ཡོད་ཙང་དངོས་སུ་ཚོགས་ཁང་ནང་དུ་ཕེབས་ཐུབ་མེད་ཀྱང་ཞལ་དཔར་ཐོག་ནས་བགྲོ་གླེང་ནང་ལྷན་ཞུགས་གནང་ཞིང་།  ཁོང་གི་བོུ་ཀེ་སི་ཨེཀ་མཎ་ལགས་ཕེབས་ཞུགས་གནང་སྟེ། དུས་ཡུན་ཆུ་ཚོད་ ༡།༣༠ ཙམ་རིང་བཀའ་བསྡུར་གནང་སོང་།
སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ནང་དུ་ལོ་སྟོང་ཕྲག་གཉིས་ལྷག་རིང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་མཉམ་གནས་ཐུབ་པ་དཔེ་མཚོན་དུ་ལུང་འདྲེན་གནང་སྟེ། འཛམ་གླིང་ཞི་བདེའི་རྩ་བ་གཅིག་ཆོས་ལུགས་མཐུན་སྒྲིལ་དང་ཚང་མས་བསླབ་བྱ་བརྩེ་བ་དང་བྱམས་པ་ཡིན་དུས། འཁྲུགས་རྩོད་ཡོང་གཞི་མེད་ཀྱང། དེང་སྐབས་སི་རི་ཡ་ནང་དང་། ཨབ་གྷ་ནིས་ཐཎ། གཞན་ཡང་འཛམ་གླིང་གང་སར་ཁ་ཆེ་དང་ཡི་ཤུ། འབར་མའི་ནང་དུ་ནང་པ་དང་ཁ་ཆེའི་དབར་སོགས་ལ་འཁྲུག་རྩོད་ཡོང་བཞིན་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད་ཅེས་བཀའ་གནང་སོང་།
མགོན་པོ་གང་ཉིད་ནས་ད་དུང་། འཛམ་གླིང་ནང་གི་མི་ཚང་མ་གཅིག་འགྱུར་ཡིན་དུས་གཅིག་འགྱུར་གྱི་འདུ་ཤེས་འཛིན་ན་མ་གཏོགས་གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་སོགས་དཀའ་ངལ་གཅིག་གྱུར་ཡོང་གི་ཡོད་པའི་སྐོར་དང་། དེ་བཞིན་དེང་རབས་འཛུགས་སྐྲུན་ཡར་རྒྱས་ཀྱི་དུས་འདིར་རྡུལ་ཕྲན་གོ་མཚོན་རིགས་མེད་པར་བཟོ་དགོས་པ། སློབ་གྲྭའི་ཤེས་ཡོན་ལམ་ལུགས་ནང་དུ་སེམས་ཚོར་གྱི་འཕྲོད་བསྟེན་ནམ་བཟང་པོའི་གོམ་གཤིས་དེ་དག་བསླབ་གཞིར་རྩ་འཛིན་བྱེད་པའི་དུས་ལ་སླེབས་ཡོད་སྐོར་སོགས་དོན་གནད་གལ་ཆེ་མང་པོའི་ཐོག་ལ་བཀའ་གནང་པར་པཱོལ་ཨེཀ་མཎ་ལགས་ཀྱིས་མོས་མཐུན་ཞུས་སོང་།
བགྲོ་གླེང་གི་ལས་རིམ་རྗེས་ཀྱི་དྲི་བར་དྲིས་ལན་སྐབས་སུ། འགྲན་བསྡུར་གྱི་རང་བཞིན་ནང་དུ་གཞན་ཕན་ཀུན་ནས་བླངས་བའི་རྩེ་ཕུད་སླེབས་པ་དང་། དེ་ཡང་རང་གཅིག་པོ་མིན་པར་མི་གཞན་ཚང་མ་རང་དང་མཉམ་འདྲེན་གྱི་བསམ་བློ་འཛིན་དགོས་པའི་ལམ་སྟོན་གནང་སོང་།  
སྐབས་དེར་འབུམ་རམས་པ་པཱོལ་ཨེཀ་མཎ་མཆོག་ནས་ལོ་རྗེས་མར་སྐུ་གཟུགས་དྲག་བསྐྱེད་བྱུང་མཚམས་རྒྱ་གར་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུ་ཐུབ་པའི་རེ་སྨོན་ཡོད་སྐོར་གསུངས་ཤིང་། ༧གོང་ས་མཆོག་ནས་མ་འོངས་འཕྲུལ་ཆས་བེད་སྤྱོད་བྱས་ནས་བགྲོ་གླེང་འདི་རིགས་མུ་མཐུད་ནས་གནང་རྒྱུའི་ཐུགས་འདོད་ཡོད་ཅེས་ཀྱང་བཀའ་གནང་སོང་།
གཞི་རྩའི་ལས་རིམ་དེ་བཞིན་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་བོད་ཁང་གི་འགན་འཛིན་ར་ཝི་ཝར་མ་ལགས་དང་པཱོལ་ཨེཀ་མཎ་རྣམས་གཉིས་ཀྱིས་ལོ་དྲུག་གི་རིང་ལ་གྲ་སྒྲིག་ཞུས་པ་དང་། དེ་སྔ་དེ་འདྲའི་བགྲོ་གླེང་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ ༢༠༡༢ ལོར་ཚོགས་མྱོང་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎