སྤྱི་ནོར་༧གོང་ས་མཆོག་གིས་ནེའུ་ཛི་ལན་ཌིའི་སྲིད་བློན་གསར་རྙིང་གཉིས་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

2023.01.25
སྤྱི་ནོར་༧གོང་ས་མཆོག་གིས་ནེའུ་ཛི་ལན་ཌིའི་སྲིད་བློན་གསར་རྙིང་གཉིས་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། སྤྱི་ནོར་༧གོང་ས་མཆོག་གིས་ནེའུ་ཛི་ལན་ཌིའི་སྲིད་བློན་གསར་རྙིང་གཉིས་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།
སྒྲིག་བཟོ།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་འདི་ཚེས་༢༥ཉིན་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་གསར་པ་(Chris HipKins)་ལགས་སུ་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། ཐོག་མར་མགོན་པོ་གང་ཉིད་ནས་སྐུ་ཞབས་(Chris HipKins)་ལགས་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག “འདས་པའི་ལོ་མང་རིང་ངོས་ནས་ཁྱེད་རང་གི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་དེར་ཐེངས་འགའ་ཤས་ལྟ་སྐོར་བྱེད་རྒྱུ་བྱུང་སྟེ། ཁྱེད་ཚོའི་རྒྱལ་ཁབ་ཀྱི་མི་རྒན་གཞོན་བར་གསུམ་གྱིས་ངོས་ནས་འབད་བརྩོན་བྱེད་བཞིན་པའི་འགྲོ་བ་མི་གཅིག་མཚུངས་གྱི་འདུ་ཤེས་གོང་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ་དགོས་གལ་གྱི་ཐོག་དོ་སྣང་ཆེན་པོ་ཡོད་པ་མཐོང་ནས་ངོས་རང་ཡིད་འགུལ་ཆེན་པོ་ཐེབས་བྱུང་”ཞེས་འཁོད་ཡོད་པ་མ་ཟད། ༧གོང་ས་མཆོག་གིས་སྲིད་བློན་ཁོང་གི་ཕྱག་ལས་ལམ་འགྲོ་ཡོང་བར་ཐུགས་སྨོན་མཚམས་སྦྱོར་སོགས་གནང་བ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་སྲིད་བློན་གསར་པར་༧གོང་ས་མཆོག་གིས་“དེང་སང་གི་འཛམ་གླིང་འདི་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་ཏུ་སླེབས་ཡོད་པ་དང་། ཁྱེད་རང་གིས་ནིའུ་ཛི་ལན་ཌི་མི་མང་གི་རེ་འདོད་དང་དགོས་མཁོ་བསྐོང་བའི་ཕྱག་ལས་མཐའ་དག་ལ་འགལ་རྐྱེན་གེགས་མེད་ཀྱི་སྨོན་ལམ་ཡོད་”ཅེས་བཀའ་བསྩལ་འདུག
ཡང་སྤྱི་ཚེས་༡༩ཉིན་ནས་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་ནས་དགོངས་ཞུ་གནང་མཁན་Jacinda Ardern ཡིས་སྤྱི་ལོ་༢༠༡༧ལོ་ནས་༢༠༢༣བར་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་གྱི་ཐུགས་འགན་བཞེས་ཏེ། རྒྱལ་ཁབ་དེའི་ནང་(Christchurch mosque shootings)་ཁ་ཆེའི་ལྷ་ཁང་གི་ནང་མེ་མདའ་བརྒྱབས་ཏེ་མི་གསོད་དོན་རྐྱེན་བྱུང་བར་བརྟེན། གང་བྱུང་མེ་མདའ་ཉར་མི་ཆོག་པའི་ཁྲིམས་དམ་པོ་བཟོས་པ་དང་། ཏོག་དབྱིབས་ནད་ཡམས་ལ་སྔོན་འགོག་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་པ་སོགས་ཀྱི་བྱས་རྗེས་ཆེ་བའི་སྲིད་བློན་ལས་ཟུར་ལྕམ་(Jacinda Ardern)་ལགས་སུ་ཡང་༧གོང་ས་མཆོག་གིས་གསུང་འཕྲིན་ཕེབས་པའི་ནང་། “ལྕམ་སྐུ་ཁོང་གིས་སྲིད་བློན་གྱི་ཐུགས་འགན་བཞེས་རིང་ཛ་དྲག་གི་དཀའ་ངལ་སྟེ་༢༠༡༩ལོར་མི་གསོད་དོན་རྐྱེན་བྱུང་སྐབས། སྲིད་བློན་ཁོང་མོ་ནས་སྐུ་ངལ་གདོང་ལེན་གནང་ཕྱོགས་བྱམས་བརྩེ་དང་གུས་བརྩིའི་ཐོག་ནས་གདོང་ལེན་གནང་ཡོད་པར། ལྕམ་སྐུ་ཁོང་ལ་ཡི་རང་བསྔགས་བརྗོད་དང་ཡིད་སྨོན་གནང་གི་ཡོད་པ་མ་ཟད། ཁོང་གིས་ད་དུང་གྲོས་ཚོགས་འཐུས་མི་གནང་གི་ཡོད་པའི་ཆ་ནས་མུ་མཐུད་གཞན་ཕན་གྱི་ཕྱག་ལས་གནང་བར་ཡིད་ཆེས་ཡོད་”ཅེས་བཀའ་བསྩལ་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་ནིའུ་ཛི་ལན་ཌིའི་སྲིད་བློན་གསར་པ་ལ་འཚམས་འཕྲིན་ཞིག་བཏང་བའི་ནང་། “ངས་གོ་སྐབས་འདི་བརྒྱུད་ནས་༧གོང་ས་མཆོག་གིས་བཏོན་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པ། མི་མང་གིས་རྒྱབ་སྐྱོར་ཡོད་པའི་འཚེ་བ་མེད་པ་དང་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་ཉག་གཅིག་པུ། གཉིས་སྨན་དབུ་མའི་ལམ་ལ་ནིའུ་ཛི་ལན་ཌི་གཞུང་མང་གཉིས་ནས་རྒྱུན་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་”ཞུས་པ་དང་ཆབས་ཅིག་ཏུ། “ཁྱེད་རང་གིས་དབུ་ཁྲིད་འོག་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱིས་བོད་དོན་ལ་སྔར་མུས་བཞིན་རྒྱབ་སྐྱོར་ཡོང་རེ་དང་། བོད་ནང་གི་དཀའ་ཉེན་སེལ་ཐབས་སུ་ཛ་དྲག་ཕྱག་ལས་གནང་རོགས་”ཞེས་འབོད་སྐུལ་ཞུས་ཡོད་པ་རེད། སྲིད་བློན་གསར་པ་(Chris Hipkins)་ལགས་ནས་སྤྱི་ཟླ་༡ཚེས་༢༥ཉིན་སྲིད་བློན་གྱི་ལས་ཁུར་དམ་བཅའ་ཕུལ་བ་ཡོད་པ་དང་། ཁོང་ནི་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱི་ངལ་རྩོལ་ཆབ་སྲིད་ཚོགས་པའི་ཚོགས་མི་ཡིན་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎