༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པར་འཚམས་འཕྲིན་བསྩལ་འདུག

2023.01.09
༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པར་འཚམས་འཕྲིན་བསྩལ་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་(Kevin McCarthy)་ལགས།
སྒྲིག་བཟོ།/RFA

འདི་ཚེས་༨ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས། གསར་དུ་འོས་འདེམས་བྱུང་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་(Kevin McCarthy)་ལགས་དང་། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་(Hakeem Jeffries)་ ལགས་རྣམ་གཉིས་ལ་འཚམས་འདྲི་མཛད་པའི་ནང་། ངོས་རང་རྒྱུན་རིང་ནས་ཨ་རིའི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར། འགྲོ་བ་མིའི་རིན་ཐང་བཅས་ལ་རྩ་འཛིན་བྱེད་སྟངས་ཐད་ཡིད་སྨོན་བྱེད་མཁན་ཞིག་ཡིན། ཨ་རི་ནི་འཛམ་གླིང་སྟེང་གི་དབང་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཨ་རིས་ཚོང་འབྲེལ་དང་། སྤྱི་ཚོགས། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་གནང་ཐོག་ཞི་ཞིང་བདེ་བའི་འཛམ་གླིང་ཞིག་བསྐྲུན་པར་ཞབས་འདེགས་རླབས་པོ་ཆེ་ཞུ་ཐུབ། ཨ་རིས་རང་གི་མི་སེར་ཡོད་ཚད་ལ་རང་དབང་དང་གོ་སྐབས་སྤྲོད་ཀྱིན་ཡོད་པས་ཨ་རི་ནི་མི་མང་གི་རེ་བའི་འོད་སྣང་དུ་གྱུར་ཡོད་པ་རེད།
ཕྱི་ལོ་༡༩༧༩ནས་བཟུང་ངོས་རང་ཨ་རིར་ལན་མང་བསྐྱོད་རྒྱུའི་གོ་སྐབས་བྱུང་ལ། སྐབས་དེར་ངོས་ཀྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་རྣམ་པ་གཙོས་པའི་གནད་ཡོད་དབུ་ཁྲིད་རྣམས་དང་ལྷན་གནད་དོན་མང་པོའི་ཐོག་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་བྱུང་། དེ་མ་ཟད་ངོས་ཀྱིས་ཁོང་རྣམས་ལ་ངོས་ལ་རེ་བ་དང་ཡིད་ཆེས་བཅོལ་མཁན་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གི་དཀའ་ངལ་ལ་སེམས་ཁུར་བློ་གཡེང་ཡོད་སྐོར་སྙན་སེང་ཞུས་ཡོད། བོད་མི་རྣམས་ལ་ཨ་རིའི་སྲིད་དོན་ཚོགས་པ་ཟུང་འབྲེལ་གྱིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན་པོ་ཡིན། ང་ཚོའི་འཐབ་རྩོད་ནི་བོད་མི་རིགས་ཀྱི་འགྲོ་བ་མི་རིགས་ཀུན་ལ་ཕན་ཐོགས་ཐུབ་པའི་ཞི་བ་དང་། འཚེ་བ་མེད་པ། བྱམས་བརྩེ་ཐེ་བའི་གནའ་བོའི་རིག་གཞུང་བདག་གཅེས་དང་ཁྱབ་སྤེལ་གཏོང་བཞིན་ཆེ་མཐོང་ལྡན་པའི་ཐོག་འཚོ་གནས་ཐུབ་ཐབས་དེ་ཡིན། ངོས་ཀྱིས་རྒྱ་ནག་ནང་གི་གནས་སྟངས་རིམ་པས་འགྱུར་བ་འགྲོ་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད་ལ། དེ་ལ་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་བཅོལ་ཀྱིན་ཡོད། བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་ཚོ་སྙིང་སྟོབས་ཞུམ་པ་མེད་པ་བསྡད་ཡོད་ཅེས་དགའ་སྤོབས་ཆེན་པོའི་ངང་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
མཐར་མགོན་པོ་གང་ཉིད་མཆོག་གིས་དབུ་ཁྲིད་རྣམ་གཉིས་ཀྱིས་ཨ་རིའི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་རྒྱུ་དང་། ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་བསྐྲུན་རྒྱུའི་ལས་དོན་ལ་གེགས་མེད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག
གཞན་ཕྱི་ཟླ་དང་པོའི་ཚེས་༩རེས་གཟའ་ཟླ་བའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ད་རེས་ཉེ་ཆར་བདམས་ཐོན་བྱུང་བའི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་སྐུ་ཞབས་(Kevin McCarthy)་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་དང་། འཚམས་འཕྲིན་ནང་དུ། ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོའི་ཚབ་ཞུས་ཏེ། སྐུ་ཞབས་(McCarthy)་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་སྐབས་༥༥པའི་ཚོགས་གཙོར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་བ་དང་ཆབས་ཅིག ཨ་མི་རི་ཀའི་གཞུང་དང་མི་དམངས་གཉིས་ནས་ད་བར་བོད་ཀྱི་བདེན་དོན་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་གི་དབུ་ཁྲིད་འོག འབྱུང་འགྱུར་ཡང་མུ་མཐུད་དེ་ལྟར་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པའི་ལས་ཡུན་རིང་ཨ་རིའི་མི་མང་གི་མངོན་འདོད་འགྲུབ་གནང་རྒྱུ་སོགས་མ་འོངས་ལས་དོན་མཐའ་དག་ལམ་ལྷོང་ལྡན་པ་ཡོང་བའི་སྨོན་འདུན་ཞུས་གནང་འདུག


གསར་འགོད་པ། གཡུ་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎