༸གོང་ས་མཆོག་གིས་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་གི་དུས་དྲན་དང་བསྟུན་ཞི་བདེ་མཉམ་གནས་དགོས་པའི་གསུང་འཕྲིན་སྩལ་བ།

2023.07.27
༸གོང་ས་མཆོག་གིས་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་གི་དུས་དྲན་དང་བསྟུན་ཞི་བདེ་མཉམ་གནས་དགོས་པའི་གསུང་འཕྲིན་སྩལ་བ། ༸གོང་ས་མཆོག་དང་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་རྒྱལ་དར།
སྒྲིག་བཟོ།

ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༧ཚེས་༢༧ཉིན་དེ་བཞིན་ལྷོ་བྱང་ཀོ་རི་ཡ་གཉིས་དབར། ཕྱི་ལོ་༡༩༥༣ལོར་(Korean Armistice)ཞེས་པའི་དམག་འཁྲུག་མཚམས་འཇོག་གི་ཆིངས་ཡིག་བཞག་སྟེ་ལོ་ངོ་༧༠འཁོར་བའི་དུས་དྲན་དང་བསྟུན། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས། ལྷོ་བྱང་ཀོ་རི་ཡའི་དབར་ཞི་བའི་གྲོས་མོལ་བརྒྱུད། ཕན་ཚུན་ཞི་བདེ་མཉམ་གནས་དགོས་པའི་གསུང་འཕྲིན་ཞིག་སྩལ་གནང་ཡོད་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས། ༸གོང་ས་མཆོག་ནས་དེ་སྔ་ནས་ལྷོ་བྱང་ཀོ་རི་ཡའི་དཀའ་རྙོག་ཁག་ཐད་གསུང་འཕྲིན་སྩལ་ཡོད་པ་བཞིན། ཐེངས་འདིར་ལྷོ་བྱང་ཀོ་རི་ཡའི་དབར་འདུམ་འགྲིག་གིས་ཞི་བདེ་ཡོང་རྒྱུའི་ཐུགས་སྨོན་ཡོད་ཅེས་གསུངས་ཡོད་པ་འགྲེལ་བ་རྗོད་གནང་བྱུང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་། ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་མི་མང་རྣམས་གཙོས་ཞི་བདེ་ལ་དགའ་མོས་ཡོད་པའི་འཛམ་གླིང་ས་ཕྱོགས་གང་སའི་ཚོགས་སྒེར་ཡོངས་ལ། ཐེངས་འདིར་ལྷོ་བྱང་ཀོ་རིའི་དམག་འཁྲུག་མཚམས་འཇོག་གི་ཆིངས་ཡིག་བཞག་སྟེ་ལོ་ངོ་༧༠འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། ངོས་ནས་བསྐྱར་དུ་ལྷོ་བྱང་ཀོ་རི་ཡའི་ནང་ཞི་བདེ་མཉམ་གནས་དང་དཀའ་རྙོག་རྩ་ནས་སེལ་ཐབས་ཡོང་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག་ལ། ཡང་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས། ཁོ་རང་ཚོས་ངོས་ནས་གསུང་འཕྲིན་སྩལ་དགོས་པའི་རེ་སྐུལ་ཞུས་པ་བཞིན། ལྷོ་བྱང་ཀོ་རི་ཡའི་རྒྱལ་ཁབ་གཉིས་གཙོས་དཀའ་རྙོག་ཡོད་པའི་ས་ཁུལ་ཁག་ཏུ་ང་རྒྱལ་གཞན་ཕམ་མ་ཡིན་པར། གོ་མཚོན་མེད་པའི་ཞི་བའི་གྲོས་མོལ་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་ཐུགས་སྨོན་ཡོད་པའི་བཀའ་སྩལ་ཡོད་པ་བརྗོད་བྱུང་།

ཡང་༸གོང་ས་མཆོག་ནས་མུ་མཐུད་ལྷོ་བྱང་ཀོ་རི་ཡའི་དབར་དམག་འཁྲུག་མཚམས་འཇོག་གི་ཆིངས་ཡིག་འཇོག་སྐབས་ངོས་རང་དགུང་ལོ་༢༠ནང་ལས་མིན་པ་དང་། ད་ལྟའི་ཆར་ངོས་རང་དགུང་ལོ་༨༨ལ་སོན་ཡོད་པ་དང་། ལོ་ངོ་དེ་དག་རིང་ངོས་ནས་འཛམ་གླིང་ས་ཕྱོགས་གང་སའི་གཞོན་སྐྱེས་ཚོ་དང་མཉམ་དུ་ཐུག་འཕྲད་ཀྱི་གོ་སྐབས་བྱུང་ལ། ངོས་ནས་གཞོན་སྐྱེས་ཚོས་རང་ཉིད་ཀྱི་མངའ་ཁོངས་ནང་ཞི་བདེ་སྐྲུན་ཐབས་ཐད་རྒྱབ་སྐྱོར་འབད་བརྩོན་ལྷོད་མེད་བྱས་པ་ཡིན་ལ། ལྷོ་བྱང་ཀོ་རི་ཡ་གཉིས་དབར་འཆམ་མཐུན་ཡོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ཙམ་མ་ཡིན་པར། འཛམ་གླིང་སྤྱི་ཡོངས་ལ་ཞི་བདེ་དང་བརྟན་ལྷིང་ཡོང་དབར་ཕན་ཐོགས་ཡོད་པ་གསུངས་འདུག

མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྷོ་བྱང་ཀོ་རི་ཡའི་ནང་ཕན་ཚུན་མཛའ་འབྲེལ་གོང་འཕེལ་དང་ཞི་བདེ། ལྷག་དོན་འཛམ་གླིང་ཡོངས་སུ་ཞི་བདེ་ཡུན་གནས་དང་། གོ་མཚོན་མེད་པའི་འཛམ་གླིང་ཞིག་ཡོང་རྒྱུར་ཐུགས་རེ་གནང་གི་ཡོད་པས། ལྷོ་བྱང་ཀོ་རི་ཡའི་དབར་གྲོས་མོལ་བརྒྱུད་ཕན་ཚུན་དུམ་འགྲིག་གིས་དཀའ་རྙོག་གཙང་སེལ་ཡོང་ཐབས་གནང་སྟེ། ཀོ་རི་ཡའི་ཁྱོན་དུ་རྡུལ་ཕྲན་མཚོན་ཆ་གཙང་སེལ་ཡོང་ཐབས་དང་། ཕན་ཚུན་གྲོས་མོས་ཐོག་ལྷོ་བྱང་ཀོ་རི་ཡའི་ས་ཁུལ་དུ་ཞི་བདེར་ལོངས་སུ་སྤྱོད་ཐུབ་པའི་རེ་བ་དང་ཐུགས་སྨོན་ཞུ་བཞིན་ཡོད་ཅེས་གསུང་འདུག

ཐེངས་འདིར་༸གོང་ས་མཆོག་གིས་སྩལ་གནང་བའི་གསུང་འཕྲིན་དེ་བཞིན། དེ་རིང་ཕྱི་ཚེས་༢༧ཉིན་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་འཁེལ་བའི་Tongilbridgeཞེས་པའི་Pajuས་གནས་འགག་སྒོ་རུ། ཆོས་ལུགས་ཚོགས་པ་དང་སྤྱི་དམངས་བདེ་འཇགས་ལས་འགུལ་པ་ཚོས་ལྗགས་ཀློག་གནང་རྒྱུ་ཡིན་པ་རེད་འདུག་ལ། སྤྱིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྷོ་བྱང་ཀོ་རི་ཡའི་དཀའ་རྙོག་སེལ་སླད་གསུང་འཕྲིན་ཐེངས་ཁ་ཤས་ལ་སྩལ་གནང་ཡོད་པ་དང་། ལྷག་དོན་ཕྱི་ལོ་༢༠༡༨ལོར་ལྷོ་བྱང་ཀོ་རི་ཡའི་སྲིད་འཛིན་གཉིས་དངོས་སུ་ཐུག་འཕྲད་ཀྱིས། ཡུལ་གཉིས་ཀྱི་མཐའ་མཚམས་རྩོད་རྙོག་ཞི་འཇགས་དང་དམག་མཚམས་འཇོག་རྒྱུ་ཡིན་པའི་གྲོས་མོལ་གནང་སྐབས་ཀྱང་ཞི་འགྲིག་ཡོང་རྒྱུའི་ཐུགས་རེ་ཡོད་པའི་གསུང་འཕྲིན་སྩལ་ཡོད་པ་རེད། 

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎