ལྡི་ལིའི་མཛད་འཕྲིན་དབུ་འཛུགས།
2013.03.22

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་ཚེས་༢༡ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་ཡོད་པ་རེད། དེ་ཡང་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩའི་གོ་སྒྲིག་འོག ད་རང་སྔ་དྲོ་ཕྱག་ཚོད་༡༠ཐོག། ལྡི་ལི་དང་Gurgaon ས་གནས་གཉིས་ཀྱི་སློབ་གྲྭ་༡༡གི་རྒྱ་གར་སློབ་མ་༢༧༠ཙམ་ལ་ཆོས་ལུགས་རིས་མེད་ཀྱི་བསླབ་བྱ་དང༌། མི་ཡ་རབས་བཟང་པོ་ཞིག་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་གནང་འདུག དེ་རྗེས་དེ་རིང་ཉིན་རྒྱབ་ནས་དབུ་འཛུགས་ཐོག་ཉིན་གྲངས་གཉིས་ཀྱི་རིང་༧གོང་ས་མཆོག་གིས་ལྡི་ལིའི་ Taj Hotel གསོལ་མགྲོན་ཁང་དུ། རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཟུར་པ་དང་མཁས་དབང་སོགས་གནས་ཡོད་མི་གྲངས་༣༠༠ཙམ་ལ་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་གནང་བཞིན་ཡོད་པ་དང་། སང་ཉིན་སྨན་ལྷའི་བཀའ་དབང་བསྩལ་གནང་མཛད་ཀྱི་ཡོད་པ་རེད། རྒྱལ་ས་ལྡི་ལིའི་ནང་གི་ཆོས་འབྲེལ་མཛད་འཆར་ཁག་གྲུབ་པའི་རྗེས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཕྱི ཚེས་༢༥ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་སུ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པ་རེད།།