དུས་དབང་སྔོན་གྱི་༧གོང་ས་མཆོག་གི་ལ་དྭཊ་ཁུལ་གྱི་མཛད་འཆར།
2014.06.20
༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མ་སྩལ་སྔོན་མང་ཚོགས་ལ་གསུང་ཆོས་དང་བཀའ་སློབ་སོགས་གནང་རྒྱུའི་མཛད་འཆར་འདུག
དེ་ཡང་ཚེས་༢༠ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་སྤྱི་ཚེས་༢༣དང་། ༢༤ ཉིན་ལ་དྭགས་ཟངས་དཀར་དཔའ་འདུམ་གྱི་ས་གནས་མང་ཚོགས་ལ་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་དང་། ཚེས་ ༢༥ ཉིན་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་རྒྱུ། དེ་ནས་སྤྱི་ཚེས་༢༦ ཉིན་ བཀག་འཁྱིལ་ཁུལ་གྱི་ཁ་ཆེའི་ཚོགས་སྡེ་ཁག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཁུལ་དེའི་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཚེས་ ༢༩ ཉིན་ ལ་དྭགས་ཀླུ་འཁྱིལ་དུ་ཕར་ཕྱིན་དབྱར་ཆོས་ཆེན་མོ་དབུ་འཛུགས་མཛད་སྒོ་དབུ་འབྱེད་བསྐྱང་རྒྱུ་དང་། ཕྱི་ཚེས་༣༠ཉིན་ ༸གོང་ས་མཆོག་དབུ་བཞུགས་ཐོག་ཆོས་ལུགས་རིས་མེད་ཀྱི་མཁས་དབང་འདུ་འཛོམས་ཀྱིས་ཕར་ཕྱིན་མཁས་པའི་བགྲོ་གླེང་གནང་རྒྱུ་ཡིན་འདུག སྤྱི་ཟླ་༧ ཚེས་༡ ཉིན་༧གོང་ས་མཆོག་གིས་སེར་སྐྱ་མང་ཚོགས་ལ་ཤེས་རབ་སྙིང་པོའི་ཆོས་འབྲེལ་དང་དེའི་ཐོག་མངའ་རིས་ཚང་དགོན་ཁག་བདུན་གྱི་དགེ་འདུན་འདུས་དམངས་དང་། སེར་སྐྱ་ཐུན་མོང་ནས་མགོན་པོ་མཆོག་ལ་བརྟན་བཞུགས་སྟབས་བདེ་ཞིག་འདེགས་འབུལ་ཞུ་རྒྱུ་ཡིན་འདུག དེའི་རྗེས་སྤྱི་ཚེས་༣ ཉིན་ནས་བཟུང་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་མཛད་རྒྱུའི་སྔོན་འགྲོའི་ས་ཆོག་གི་རིམ་པ་དབུ་འཛུགས་མཛད་རྒྱུ་དང་། ཚེས་༦ནས་སྔོན་འགྲོིའི་གསུང་ཆོས་དང་། ཚེས་༩ནས་དབང་ཆེན་དངོས་གཞི་སྩོལ་གནང་མཛད་རྒྱུ་ཡིན་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་གྱི་དབང་དངོས་གཞི་མ་ཞུ་བའི་སྔོན་དུ་ བསམ་པའི་གྲ་སྒྲིག་དང་བསམ་པའི་འཁྱེར་བཟོ་མ་ནོར་བ་ཞིག་དགོས་གལ་ཆེ་བ་དང་། དེ་བཞིན་ངེས་འབྱུང་དང་བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཀྱི་ལྟ་བ་ལ་མ་མཐར་ གོ་བ་ཆགས་པ་ཞིག་ཡོང་རྒྱུར་ སྔོན་འགྲོའི་གསུང་ཆོས་ཞུ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་ཡང་ནས་ཡང་དུ་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།