༧གོང་ས་མཆོག་གིས་ནེའུ་ཡོག་ནང་མཛད་འཆར་དབུ་ཚུཊ་པ།
2015.07.09
༧གོང་ས་མཆོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཞབས་སོར་བདེ་བར་འཁོད་སྐབས་བོད་མི་དང་དད་ལྡན་པ་མང་པོས་ཕེབས་བསུ་ཟབ་རྒྱས་གནང་འདུག
དེ་ཡང་འདས་བའི་ཉིན་ཤས་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཨ་རིའི་Californiaམངའ་སྡེའི་ནང་ཆོས་འབྲེལ་དང་བགྲོ་གླེང་། མི་མང་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་བླ་ན་མེད་པ་བསྐྱངས་པ་མ་ཟད། ཕྱི་ལུགས་ལྟར་གྱི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ་སོགས་ཐོག་མཐའ་བར་གསུམ་དུ་མཛད་འཕྲིན་ལེགས་གྲུབ་བྱུང་རྗེས་སྤྱི་ཚེས་༨ཉིན་ཨ་མི་རི་ཀའི་གྲོང་ཁྱེར་New Yorkཏུ་བོད་རིགས་གཙོ་གྱུར་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། སྤྱི་ཚེས་༩ཉིན་ནས་མཛད་འཆར་ཁག་དབུ་འཛུགས་གནང་ཡོད་པར་ཕྱོགས་མཐའ་ཁག་ནས་བོད་མི་སོགས་མི་གྲངས་སྟོང་ཕྲག་མང་པོ་འཛོམ་ཡོད་པ་རེད།
༧གོང་ས་མཆོག་གིས་ཕྱི་ཟླ་༧་ཚེས་༦་ཉིན་ཕྱི་ལུགས་སྐུའི་འཁྲུངས་སྐར་ཉིན་མི་གྲངས་ཆིག་ཁྲི་བརྒྱད་སྟོང་ཙམ་འདུ་འཛོམས་ཐོག་དགའ་དད་སྤྲོ་གསུམ་ངང་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད་པ་རེད། Californiaའི་གྲོང་ཁྱེར་Anaheim དུ་རྒྱལ་སྤྱིའི་སྙན་གྲགས་ཅན་མི་སྣ་མང་དག་ལྷན་དུ་སྐུའི་འཁྲུངས་སྐར་དགའ་སྟོན་དབུ་བཞུགས་དགྱེས་བཞེས་གནང་ཡོད་པ་རེད། སྐུའི་འཁྲུངས་སྐར་མཛད་སྒོར་ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མཁན་Shirin Ebadiམཆོག་དང་། Jody Williamsམཆོག གྲོང་སྡེའི་སྤྱི་ཁྱབ་པ་Tom Taitསོགས་གནད་ཡོད་མི་སྣ་མང་དག་ཕེབས་བཞུགས་གནང་བའི་ཐོག་གཞས་པ་གྲགས་ཅན་Michael Franti ཡིས་༧གོང་ས་མཆོག་བསྟོད་དབྱངས་ཕུལ་འདུག ༧གོང་ས་མཆོག་གིས་བྱམས་བརྩེའི་བློ་སྦྱོང་གཙོ་གྱུར་གྱིས་བཀའ་སློབ་ཟབ་མོ་བརྩལ་གནང་བ་མ་ཟད། ༧གོང་ས་མཆོག་དབུ་བཞུགས་ཐོག་བྱམས་བརྩེ་སྐྱེད་བྱེད་ཇི་ལྟར་བྱ་དགོས་སྐོར་ཁྱད་ལས་མི་སྣ་གནད་ཡོད་ལྷན་དུ་བགྲོ་གླེང་གནང་འདུག ༧གོང་ས་མཆོག་བྱམས་བརྩེའི་ལྷན་ཚོགས་ཉིན་གསུམ་ཙམ་བསྟུད་མར་UC གཙུག་ལག་སློབ་གྲ་ཆེ་མོའི་ཚོགས་ཁང་དུ་ཚོགས་ཡོད་པ་རེད། གནམ་གཞིས་འགྱུར་ལྡོག་གི་མཇུག་འབྲས་སོགས་ཀྱི་སྐོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལ་སོགས་པའི་གནད་ཡོད་མི་སྣའི་ལྷན་བགྲོ་གླེང་གནང་ཡོད་པ་དང་།
༧གོང་མཆོག་གིས་ས་གནས་དེ་རང་དུ་ཤེས་རབ་དང་། འཆར་སྣང་། མྱོང་བ་བཅས་ཀྱི་བརྗོད་གཞིིའི་ཐོག་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད། ཕྱི་ཟླ་༧་པའི་ཚེས་༦་སྟེ་རེས་གཟའ་མིག་དམར་ཉིན་UCགཙུག་ལག་སློབ་གྲ་ཆེ་མོའི་ཚོགས་ཁང་དུ་ཤེས་ཡོན་དང་འགྲོ་བ་མིའི་རིན་ཐང་གི་དོན་སྙིང་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། གསར་འགོད་པའི་བཀའ་འདྲིར་བཀའ་ལན་བསྩལ་གནང་བ་སོགས་མཛད་འཕྲིན་བླ་མེད་བསྐྱངས་གནང་རྗེས་ཨ་རིའི་གྲོང་ཁྱེར་New Yorkཏུ་ཞབས་སོར་འཁོད་ཡོད་ཅིང་། ཕྱི་ཟླ་༧་པའི་ཚེས་༩་དང་༡༠་བཅས་ཉིན་གཉིས་རིང་ཨ་རིའི་གྲོང་ཁྱེར་New Yorཏུ་གསུང་ཆོས་དང་། བྱང་ཨ་རིའི་བོད་མི་སྤྱི་ཡོངས་ཀྱིས་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་རིམ་པ་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་བསྟན་འཛིན་བདེ་སྐྱིད།