བོད་སྐད་གལ་ཆེའི་སྐོར་བཀའ་གནང་།
2013.05.09
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་རྒྱལ་སའི་མངའ་ཁུལ་Maryland མངའ་སྡེའི་ཆེས་མཐོའི་གཙུག་ལག་སློབ་གྲྭའི་ནང་གི་མཛད་འཕྲིན་ལེགས་པར་གྲུབ་རྗེས་ཁ་སང་ཚེས་༨ཉིན་ཨ་རིའི་Oregan མངའ་སྡེའི་Portland གྲོང་ཁྱེར་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། ཁུལ་དེའི་ནང་། Matreiya ནང་ཆོས་སློབ་གཉེར་ཁང་དང་ Portland གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་བཞུགས་གནང་མཛད་ཀྱི་ཡོད་པ་རེད། ཁ་སང་༸གོང་ས་མཆོག་གྲོང་ཁྱེར་དེར་ཞབས་གསོར་འཁོད་མཚམས་ཁུལ་དེའི་ནང་ Global Leadership Initiative ཞེས་གོ་ལའི་འགོ་ཁྲིད་ཀྱི་ཟབ་སྦྱོང་ནང་མཉམ་བཞུགས་གནང་མཁན་བོད་རིགས་སློབ་མ་དང་ལས་བྱེད་པ་ཚོར་ཟུར་མཇལ་ཀྱི་གོ་སྐབས་གནང་འདུག་ལ། མཇལ་འཕྲད་དེའི་ཐོག་ ༸གོང་ས་མཆོག་ནས་བོད་རིགས་གཞོན་ནུ་སློབ་ཕྲུག་ཚོར་ཤེས་བྱ་ཡོན་ཏན་ལ་སྦྱང་བཙོན་གྱི་གལ་གནད་དང་། ལྷག་པར་དུ་བོད་པའི་སྐད་ཡིག་ལ་སྦྱང་བརྩོན་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་སློབ་ཕེབས་འདུག
དེ་ཡང་༸གོང་ས་མཆོག་ནས་དེ་སྔ་༸རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་ནང་དེང་དུས་ཀྱི་ཤེས་ཡོན་དར་སྤེལ་གཏོང་ཐབས་མཛད་པ་དང་། དེ་རྗེས་རྒྱ་ནག་གི་བོད་བཙན་བཟུང་བྱས་སྟེ། བཙན་བྱོལ་དུ་འབྱོར་མཚམས་༸གོང་ས་མཆོག་ནས་བོད་རིགས་ཕྲུ་གུ་ཚོར་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་དེ་ལས་དོན་གལ་ཆེར་ངོས་འཛིན་གནང་སྟེ། གྲུབ་འབྲས་ཡང་གང་ཙམ་བྱུང་ཡོད་པར་སོང་། ད་ཆ་རིག་གཅིག་རྐང་འཛིན་ལ་ཤུགས་གནོན་རྒྱག་དགོས་པའི་སྐོར་བཀའ་སློབ་ཕེབས་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ བོད་ཀྱི་སྐད་ཡིག་དེ་བཞིན་བོད་མིའི་ངོ་བོ་མཚོན་པའི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཞིག་ཡིན་པས་མ་ཟད། བོད་ཀྱི་རིག་གཞུང་དང་བོད་ཀྱི་ནང་ཆོས་ལ་གོ་རྟོགས་གཏིང་ཟབ་བྱེད་པར་བོད་པའི་སྐད་ཡིག་ལ་སྦྱང་བཙོན་དང་སྐག་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པའི་སྐོར་ནན་བརྗོད་གནང་འདུག།