༧གོང་ས་མཆོག་སུད་སི་ལ་ཞབས་སོར་བདེ་བར་འཁོད་འདུག


2016.10.12
༧གོང་ས་མཆོག་སུད་སིའི་གྲོང་ཁྱེར་Bern་ལ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༦།༡༠།༡༢ ༧གོང་ས་མཆོག་སུད་སིའི་གྲོང་ཁྱེར་Bern་ལ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༦།༡༠།༡༢
ཚེ་བརྟན་བསམ་གྲུབ།

༧གོང་ས་མཆོག་གིས་ལཏ་ཝི་ཡའི་(Latvia)་མཛད་འཕྲིན་ཁག་འགྲུབ་ནས་སུད་སིའི་གྲོང་ཁྱེར་Bern་ལ་ཞབས་སོར་བདེ་བར་འཁོད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༠་ཚེས་༡༢་ཉིན་གྱི་སྔ་དྲོ་ར་ཤི་ཡ་དང་དེ་བཞིན་སྦལ་ཊིཀ་རྒྱ་མཚོའི་ཁུལ་གྱི་མཁས་མི་སྣ་ཁག་གཅིག་དང་ལྷན་དུ་བགྲོ་གླེང་གནང་རྗེས། ལཏ་ཝི་ཡའི་Latvia་མཛད་འཕྲིན་ཁག་འགྲུབ་ནས་སུད་སིའི་གྲོང་ཁྱེར་Bern་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་Alexander Tschappat་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རི་གྷ་ནས་Bern་རུ་ཞབས་སོར་འཁོད་གནང་མཛད་འདུག
གནས་ཚུལ་ལྟར་ན། ༧གོང་ས་མཆོག་Bern་རུ་ཞབས་སོར་འཁོད་མ་ཐག་གྲོང་ཁྱེར་དེའི་ནང་ཡོད་པའི་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་བསྟི་གནས་ཁང་དུ་ཞབས་སོར་འཁོད་གནང་གིས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལ་སོགས་པ་གལ་ཆེའི་མི་སྣ་དྲུག་བཅུ་ཙམ་དང་ལྷན་དུ་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་རྒྱུ་ཡིན་འདུག། དེ་རྗེས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་མི་སྣ་ཁག་དང་ལྷན་དུ་ཆོས་ལུགས་མཐུན་བསྒྲིལ་གོང་འཕེལ་སླད་བགྲོ་གླེང་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
ད་དུང་ཕྱི་ཚེས་༡༢ཉིན། ༧གོང་ས་མཆོག་གིས་རྒྱལ་ས་རི་གྷའི་ནང་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ཆོས་འབྲེལ་གསུང་ཆོས་དང་། ཡེ་ཤུའི་ལྷ་ཁང་ཞིག་ཏུ་ཡུལ་དེའི་ས་ཁུལ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་བ་མི་གྲངས་༧༥་ཙམ་ལ་མཇལ་ཁ་གནང་ཡོད་པ་མ་ཟད། བྱང་སེམས་དང་དགེ་བསྙེན་གྱི་སྡོམ་པ་འབོག་འཇོག་བཀྲིན་ཆེ་གནང་མཛད་འདུག། དེ་བཞིན་ཡུལ་དེའི་ནང་པའི་དད་ལྡན་པ་ཚོས་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཞལ་ཐང་ཞིག་༧གོང་ས་མཆོག་ལ་ཕུལ་བ་ཐུགས་དགྱེས་ཚུལ་ངང་བཞེས་ནས། བོད་དང་འཕགས་པ་སྤྱན་རས་གཟིགས་དབར་གྱི་དམིགས་བསལ་འབྲེལ་བའི་སྐོར་བཀའ་སློབ་བསྩལ་གནང་མཛད་འདུག།
དེ་བཞིན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནི་འཛམ་གླིང་གི་ཡང་རྩེར་འབོད་བཞིན་པ་ལྟར། བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཤུགས་རྐྱེན་ཐེབས་བཞིན་པ་དང་། བོད་ནས་བཞུར་བའི་རྒྱུག་ཆུ་ཁག་ནི་བོད་ཀྱི་མཐའ་འཁོར་ཡུལ་གྲུ་མི་གྲངས་ས་ཡ་མང་པོའི་འཚོ་གནས་ཀྱི་རྟེན་གཞིར་གྱུར་ཡོད་པ་གསུང་ནས་བོད་ནང་ཤིང་ནགས་གཅོད་འབྲེག་དང་། གང་བྱུང་གཏེར་ཁ་སྔོག་འདོན་བྱས་པ་ལས་བོད་ཀྱི་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཐེབས་བཞིན་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་བརྡལ་ཁག་གྲོང་ཁྱེར་ཅན་དུ་བསྒྱུར་བཞིན་པ་དེས་རྐྱེན་རྒྱ་རིགས་མང་པོ་བོད་ནང་གཞིས་སྤོས་བྱ་རྒྱུར་སྐུལ་འདེད་ཀྱིས་མི་འབོར་མང་དུ་ཕྱིན་ནས་སློབ་གསོ་དང་ལག་རྩལ་གང་གི་ཆ་ནས་རྗེས་ལུས་ཐེབས་པའི་བོད་མི་ཚོ་འགྲན་རྩོད་ཁྲོད་ལས་ཀའི་གོ་སྐབས་ཤོར་ནས་དཀའ་ངལ་མང་པོ་འཕྲད་བཞིན་པ་སོགས་བོད་ནང་གི་གནས་སྟངས་འགྲེལ་བརྗོད་གནང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎