དེང་གི་འཛམ་གླིང་ལ་བྱམས་བརྩེ་དང་འཚེ་མེད་དགོས་མཁོ་ཆེ་བ་༧གོང་ས་མཆོག་གིས་བཀའ་སྩལ་འདུག
2019.08.05
རྒྱ་གར་གྱི་གནའ་བོའི་བྱམས་བརྩེ་དང་འཚེ་བ་མེད་པའི་བསམ་བློ་དེ་དེང་རབས་ཀྱི་སྤྱི་ཚོགས་ལ་དགོས་མཁོ་དང་ཕན་ཐོགས་ཆེན་པོ་རེད་ཅེས་༧གོང་ས་མཆོག་གིས་རྒྱ་གར་བ་ཁག་གཅིག་ལ་བཀའ་སྩལ་འདུག
བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ཟླ་༨་པའི་ཚེས་༥་ཉིན་བཞུགས་སྒར་ཕོ་བྲང་དུ། རྒྱ་གར་བ་རྒན་གཞོན་ཁག་ཅིག་ལ་མཇལ་ཁ་གནང་སྐབས། མགོན་པོ་གང་ཉིད་ཀྱིས་ཆོས་ལུགས་ཚང་མ་ལ་གུས་བརྩི་གནང་གི་ཡོད་ནའང་། རྒྱ་གར་ནང་མི་ལོ་སུམ་སྟོང་ཙམ་གྱི་གོང་ནས་དར་ཁྱབ་བྱུང་བའི་ཞི་གནས་དང་ལྷག་མཐོང་གི་རྣམ་གཞག་དང་། བྱམས་བརྩེ་དང་འཚེ་བ་མེད་པའི་ཉམས་ལེན་བཅས་རྒྱ་གར་གྱི་གནའ་བོའི་བསམ་བློ་དེ་ཚོ། དེང་རབས་ཀྱི་འཛམ་གླིང་ལ་ཕན་ཐོགས་དགོས་མཁོ་ཆེན་པོ་ཡིན་པ་བཀའ་གནང་འདུག
༧གོང་ས་མཆོག་གིས། བསམ་བློ་དེ་ཚོ་དེང་རབས་ཀྱི་འཛམ་གླིང་འདིར་དགོས་མཁོ་ཆེན་པོ་ཡིན་དོན་ནི། དེང་སང་དཀའ་རྙོག་དང་མི་གསོད་ཁྲག་སྦྱོར་ཤིན་ཏུ་མང་པོ་ཡོང་བཞིན་པའི་ཁར། ཐ་ན་ཆོས་ལུགས་ཁག་ཀྱང་མི་གསོད་ཁྲག་སྦྱོར་ཡོང་གཞི་བཟོས་ཡོང་གི་ཡོད། དེར་བརྟེན་དུས་ཚོད་འདི་འདྲ་ལ་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་སྤྱོད་ནི་ཤིན་ཏུ་ནས་དགོས་གལ་དང་ཕན་ཐོགས་ཆེན་པོ་ཡིན་པ་མ་ཟད། དེ་ཚོ་ཡང་རྨོངས་དད་ཙམ་གྱིས་ཆ་འཇོག་བྱེད་རྒྱུ་མིན་པར། རྒྱུ་མཚན་གྱི་ཐོག་ནས་བརྟག་དཔྱད་བྱས་ན་དགེ་མཚན་མཐོང་གི་རེད། དཔལ་ནཱ་ལེན་དྲའི་ཆོས་བརྒྱུད་ཀྱི་ནང་པ་ཚོ་དད་པའི་རྗེས་སུ་འབྲང་གི་མེད་པར། བརྟག་དཔྱད་ཀྱི་ལམ་ནས་བསམ་བློ་གཏོང་གི་ཡོད་པ་བཀའ་གནང་བ་དང་། ད་དུང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་ཁོང་གི་གསུང་ལ་རྗེས་འཇུག་གདུལ་བྱ་ཚོས། བརྟག་དཔྱད་གནང་དགོས་པར་བཀའ་གནང་བ་བཞིན། མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་བཅས་ནཱ་ལེན་དྲའི་མཁས་པ་ཚོས་སངས་རྒྱས་ཀྱི་བཀའ་ལའང་དྲང་ངེས་ཀྱི་རྣམ་གཞག་ཕྱེས་ཏེ། སངས་རྒྱས་ཀྱི་བཀའ་ཡིན་ནའང་དངོས་ཡོད་གནས་ཚུལ་ལ་འགལ་ཟླ་བྱུང་ན། དགག་བཞག་གནང་གི་ཡོད་པ་ལྟ་བུ། ང་ཚོ་དེ་འདྲའི་སློབ་དཔོན་ཚོའི་སྲོལ་རྒྱུན་གྱི་སློབ་ཕྲུག་ཡིན་པས། སངས་རྒྱས་ཀྱི་བཀའ་ལའང་ང་ཚོས་དོགས་དཔྱོད་དང་དྲི་བ་འགོད་པ། དཔང་རྟགས་དང་གཞི་རྩ་ཡོད་མེད་བརྟག་གི་ཡོད་ན། ང་ཚོའི་བསམ་བློ་གཏོང་སྟངས་དེ་ཚན་རིག་དང་མཐུན་པ་ཞིག་ཆགས་ཡོད་ཅེས་བཀའ་ཕེབས་ཡོད་པ་རེད།