དཀའ་ངལ་མང་པོ་ཕུཊ་ཐག་ཐུང་བ་དང་བསམ་བློ་གུ་དོག་པོ་ནས་ཡོང་།
2015.04.13
༧གོང་ས་མཆོག་གིས་ཉི་ཧོང་གི་བུད་མེད་གཙུག་ལག་སློབ་ཆེན་ནང་ཤེས་རབ་སྙིང་པོ་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེར་བསྐྱངས་གནང་འདུག
དེ་ཡང་སྤྱི་ཟླ་༤ཚེས༡༣ཉིན་༧གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་Showa Joshi ཞེས་པའི་བེུད་ཀྱི་གཙུག་ལག་སློབ་གྲ་ཆེན་མོའི་Memorial Hallཚོགས་ཁང་ཆེན་མོའི་ནང་ཀོ་རི་ཡ་༣༧༠་ལྷག་དང་། སོག་པོ་གྲངས་༡༢༠ དེ་བཞིན་རྒྱ་ནག་སྐམ་ས་དང་ཐེ་ཝན་སོགས་ནས་རྒྱ་རིགས་༡༠༠༠་ལྷག་ཐེ་བའི་མི་མང་༢༡༠༠་ལྷག་ལ་ཤེས་རབ་སྙིང་པོའི་གསུང་ཆོས་མ་སྩལ་གོང་ཤེས་རབ་སྙིང་པོའི་ཞལ་འདོན་སྐད་ཡིག་འདྲ་མིན་ཐོག་ནས་གསུང་འདོན་གནང་འདུག གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་མཛད་སྐབས་འཛམ་གླིང་འདིའི་ནང་མི་གྲངས་ཐེར་འབུམ་༧་ཡོད་པ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྡལ་མི་འདོད་པ་ཤ་སྟག་ཡིན་པ་དང་། ང་ཚོར་དཀའ་ངལ་མང་པོ་འཕྲད་བཞིན་པ་དེ་དག་ཕལ་མོ་ཆེ་རང་ཉིད་གཅིག་པུའི་ཆེད་དང་། ཕུགས་ཐག་ཐུང་བ་དང་བསམ་བློ་གུ་དོག་པོ་བཏང་བའི་རྐྱེན་གྱིས་ཡིན་སྐོར་སོགས་བཀའ་གནང་བའི་རྗེས་སུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་སྐོར་གསུང་ཆོས་སྩལ་གནང་བ་མ་ཟད། སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་འདུག
༧གོང་ས་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་སྐོར་གསུང་ཆོས་སྩལ་སྐབས་གསུང་ཆོས་དེའི་ནང་ཉི་ཧོང་དང་། ཀོ་རི་ཡ། སོག་པོ། ཐེ་ཝན། རྒྱ་རིགས་མང་པོ་མཉམ་བཞུགས་གནང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་གནང་འདུག་ལ་གསུང་ཆོས་བསྩལ་བ་དེ་བཞིན་དྲ་རྒྱ་སོགས་བརྒྱུད་ནས་ཉི་ཧོང་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་༣༦་ལ་ཐད་ཀར་རྒྱང་སྲིང་བྱས་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།