༧གོང་ས་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ལེགས་པར་འགྲུབ་པ།


2015.04.14
༧གོང་ས་མཆོག་གིས་ཉི་ཧོང་དུ་ཁོར་ཡུག་སྐོར་ལ་བཀའ་སློབ་གནང་སྐབས། ༢༠༡༥།༤།༦ ༧གོང་ས་མཆོག་གིས་ཉི་ཧོང་དུ་ཁོར་ཡུག་སྐོར་ལ་བཀའ་སློབ་གནང་སྐབས། ༢༠༡༥།༤།༦
Tenzin Jigmey

༧གོང་ས་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ཁག་ལེགས་འགྲུབ་ཀྱིས་རྒྱ་གར་དུ་ཆིབས་ཞལ་བསྒྱུར་གནང་མཛད་འདུག
དེ་ཡང་ཕྱི་ཟླ་༤ཚེས་༡༣ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་རྟེན་གཞི་བྱས་པའི་ཤོ་ཝ་ཇོ་ཤི་བུད་མེད་མཐོ་སློབ་ཁང་གི་ཚོགས་ཁང་ཆེན་མོའི་ནང་སྒོམ་རིམ་བར་མའི་བཀའ་ཆོས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་མཛད་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་ཐུན་མོང་མིན་པའི་ཉམས་ལེན་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཟུང་འབྲེལ་ཐོག་ནས་འགྲོ་དགོས་པ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་གཞུང་ནང་ཤེས་པ་ཕྲ་རག་གི་རྣམ་བཞག་མང་དག་ཅིག་གསུང་ཡོད་པ་དང་། སྔགས་གཞུང་ནང་ཤེས་པ་ཕྲ་མོའི་རྣམ་བཞག་སྐོར་གསུང་ཞིང་། དེ་ཡང་ཤེས་པ་ཕྲ་ཤོས་ནི་གདོད་མའི་སེམས་རང་བཞིན་གྱི་འོད་གསལ་བ་དེའམ། ཁམས་བདེ་གཤེགས་སྙིང་པོ་བརྗོད་པ་དེ་ཡིན་པ་རེད། གསང་སྔགས་ཀྱི་གཞུང་ནང་དེ་ལྟ་བུའི་གཉུག་མའི་སེམས་དེ་མཐར་སངས་རྒྱས་ཀྱི་གཟུགས་སྐུའི་ངོ་བོར་འགྱུར་ཐབས་སྐོར་ཧ་ཅང་གི་རྒྱས་པོ་གསུངས་ཡོད་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཚེས་༡༢དང་༡༣ཉིན་གྲངས་གཉིས་རིང་ཉི་ཧོང་གི་རྒྱལ་སའི་ནང་ཆོས་འབྲེལ་གསུང་ཆོས་ཞུ་བར་རྒྱ་ནག་སྐམ་ས་ཆེན་པོ་དང་། ཐེ་ཝན་སོགས་ནས་རྒྱ་རིགས་ཡང་གང་ཙམ་ཞིག་ཆེད་བཅར་ཞུས་ཡོད་པ་དང་། ༧གོང་ས་༧སྐྱབ་སམགོན་ཆེན་པོ་མཆོག་ནས་རྒྱ་རིགས་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་སྐབས། ཆོས་ཀྱིས་མིའི་སེམས་ལ་ཞི་བདེ་སྐྲུན་རྒྱུར་ཕན་ཐོགས་ཡོད། ཆོས་ལུགས་མང་པོ་ཞིག་དད་པ་གཙོ་བོ་བྱས་ནས་འགྲོ་གི་ཡོད་ཀྱང་། ནང་པ་སངས་རྒྱས་པ་ལ་དམིགས་བསལ་ཁྱད་ཆོས་གང་ཡོད་བརྗོད་ན་དད་པ་གཙོ་བོར་མིན་པར་རྒྱུ་མཚན་གཙོ་བོར་བྱས་ནས་འགྲོ་གི་ཡོད་པ་བཀའ་གནང་ཞིང་། རྒྱུ་མཚན་གཙོ་བོར་བྱས་པའི་ཐོག་ནས་ནང་ཆོས་ནང་གསུངས་པའི་གཞི་དངོས་པའི་གནས་ལུགས་དང་ནང་སེམས་ཀྱི་རྣམ་བཞག ལྷག་པར་དུ་ནང་ཆོས་ནས་ཉོན་མོངས་ལ་གདོང་ལེན་བྱ་ཕྱོགས་ཀྱི་ཐབས་དེ་དག་འགྲེལ་བཤད་གནང་སྐབས། དེ་དུས་ནུབ་ཕྱོགས་ཀྱི་ཚན་རིག་པ་མང་པོ་ཞིག་གིས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་བཀའ་གནང་ཡོད་པ་རེད།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ནང་པ་ཚོས་ངེས་པར་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཉི་ཧོང་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཚེས་༡༤ཉིན་རྒྱ་གར་དུ་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎