བླ་ཆེན་རྣམ་པའི་ལྷན་ཚོཊ་ཐོག་ཡང་སྲིད་སྐོར་བཀའ་བསྡུར་ཡོང་སྲིད་པ་ཡིན། ༧གོང་ས་མཆོག་གིས།


2018.11.13
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ། ༢༠༡༨།༡༡།༡༣ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ། ༢༠༡༨།༡༡།༡༣
OHHDL

༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་མ་འོངས་ཡང་སྲིད་དེ་མ་འདས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་སྲིད་པ་ཡང་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཡོད་པ་ལྟར། དངོས་གཞིའི་ཆོས་འབྲེལ་གྱི་མཛད་འཆར་དབུ་འཛུགས་མ་གནང་གོང་ཕྱི་ཚེས་ ༡༣ ཉིན། ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་(NHK) ཉི་ཧོང་གི་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ལྕམ་རི་ན་ཡ་མ་ས་ཝ་(Rina Yamasawa) ལགས་ཀྱིས་བཅར་འདྲིའི་སྐབས་༧སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། སྤྱན་ཤེལ་ཕུད་གནང་མཛད་ནས་ངོས་ཀྱི་གདོང་པར་ལྟོས་དང་། ཡང་སྲིད་འཚོལ་རྒྱུར་ད་ལྟ་ཛ་དྲག་འདུག་གམ་ཞེས་ཞལ་ཤོབ་དང་སྦྲགས་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་གར་ནང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམས་ཀྱི་ལྷན་ཚོགས་གནང་གཏན་འཁེལ་བས་སྐབས་དེ་དུས་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་དང་། སྲོལ་རྒྱུན་གཞིར་བཟུང་བྱས་ན་བླ་མ་གང་ཞིག་དགོངས་པ་གཞན་དོན་དུ་གཤེགས་རྗེས་ཡང་སྲིད་རྗེས་མ་ངོས་འཛིན་ཞུ་དགོས་པ་ཞིག་ཡིན་ཡང།  དེ་སྔ་བླ་མ་དགོངས་པ་མ་རྫོགས་གོང་ལ་ཡང་སྲིད་བསྐོ་བཞག་གནང་བའི་སྲོལ་ལུགས་ཞིག་ཀྱང་ཡོད་པ་བཀའ་གནང་ནས། མ་འདས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་སྲིད་པའི་སྐོར་བཀའ་ལན་སྩལ་གནང་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ད་ལྟའི་གནས་སྟངས་དང་རྒྱ་བོད་དཀའ་རྙོག་སེལ་ཐབས་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ། ༧གོང་ས་མཆོག་གིས། བོད་རང་བཙན་རྩོད་ཀྱི་མེད་པ་ནན་བརྗོད་གནང་པའི་ཐོག་རྒྱ་ནག་གི་དཔོན་རིགས་ཚོས་འདས་པའི་མི་ལོ་༧༠་ཙམ་རིང་བོད་མིའི་ཐོག་དྲག་གནོན་གྱི་སྲིད་ཇུས་འཛིན་པ་དེར་ལམ་ལྷོང་མ་བྱུང་བའི་རྗེས་ད་ཆ་རྒྱ་ནག་གི་དཔོན་རིགས་ཚོས་ཅི་བྱ་གཏོད་མེད་ཀྱི་ངང་དྲག་གནོན་བྱ་རྒྱུའི་ཚབ་ཏུ་དངོས་ཡོད་གནས་སྟངས་དང་མཐུན་པའི་ཐབས་ལམ་འཚོལ་བཞིན་པའི་རྣམ་པ་ཞིག་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོའི་བསམ་བློའི་འཁྱེར་ཕྱོགས་ལ་འགྱུར་བ་འགྲོ་གི་ཡོད་པའི་རེ་བ་ཞིག་ཡོད་ལུགས་བཀའ་སྩལ་གནང་འདུག
མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ཟླ་༡༡ ཚེས་ ༡༤ ཉིན་གྱི་སྔ་དྲོར་ཉི་ཧོང་དང་ཤར་ཨེ་ཤེ་ཡའི་སྐུ་ཚབ་དོན་གཅོད་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། གྲོང་ཁྱེར་ཡོ་ཀོ་ཧོ་མའི་རྒྱལ་ཡོངས་ཚོགས་ཁང་དུ་ཤེས་རབ་སྙིང་པོ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་སྒོ་ནས་ཆོས་འབྲེལ་སྩོལ་གནང་མཛད་རྒྱུ་མ་ཟད། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩོལ་གནང་མཛད་རྒྱུ་དང་།  ཕྱི་ཚེས་ ༡༦ ཉིན། ཉི་ཧོང་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་དེང་དུས་ཚན་རིག་དང་ནང་པའི་གཞུང་ནས་གསུངས་པའི་ཚན་རིག་དབར་བགྲོ་གླེང་གི་དབུ་མགོན་དུ་ཆིབས་བསྒྱུར་སྐྱོང་རྒྱུ་ཡིན་ཞིང་། བགྲོ་གླེང་དེའི་ནང་ཉི་ཧོང་གྱི་དབང་རྩ་དང་དང་སེམས་ཁམས་རིག་པའི་ཚན་རིག་པ། ཐེ་ཝན་གྱི་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་སོགས་མཉམ་ཞུགས་གནང་རྒྱུ་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་། ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎