ལོ་རྗེས་མར་ཡང་༧གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་གནང་སྲིད་པ།
2018.08.03
རྒྱལ་ཁོངས་དང་མི་རིགས། ཆོས་ལུགས་མི་འདྲ་བ་ཚང་མས་ཁྱད་པར་དང་དབྱེ་འབྱེད་ཀྱི་བསམ་བློ་དོར་དགོས། ༧གོང་ས་མཆོག་གིས།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ཐང་ཆེན་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཆོས་ཚོགས་དང་དགོན་ཚོགས་ཐུན་མོང་ནས་གསོལ་སྟོན་ཟབ་རྒྱས་ཤིག་བཤམ་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ལ་དྭགས་ཁུལ་གྱི་ས་ཁུལ་ཁག་ནང་༧ཞབས་སོར་འཁོད་གནང་མཛད་ཏེ་ས་གནས་ལ་དྭགས་མི་མང་ཙམ་མ་ཟད། དེའི་ཁུལ་གྱི་ཁ་ཆེ་མི་མང་ཚོས་ཀྱང་ཧ་ཅང་གི་སེམས་ཚོར་ཆེན་པོས་ཕེབས་བསུ་གུས་བཀུར་ཞུས་པར་མགོན་པོ་གང་ཉིད་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་། མ་འོངས་དེའི་ཁུལ་དུ་༧ཞབས་སོར་འཁོད་གནང་མཛད་རྒྱུའི་ཐུགས་དགོངས་ཡོད་ཀྱང་སྐུ་ངལ་མང་ཙམ་གསོ་གནང་ཆེད་ཡིན་པ་སོགས་བཀའ་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདས་པའི་ཟླ་བ་གཅིག་ལྷག་ཙམ་རིང་ལ་དྭགས་སླེ་དང་ནུབ་རྭ། ཟངས་དཀར་དང་དཀར་ཀིལ་སོགས་ས་ཁུལ་མང་པོའི་ནང་ཆིབས་བསྒྱུར་གྱིས་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་གསུང་ཆོས་དང་། ཁ་ཆེའི་མི་རིགས་ཚོར་བླང་དོར་གྱི་བཀའ་སློབ། དེ་བཞིན་སློབ་ཕྲུག་སྟོང་ཚོ་མང་པོར་བཀའ་སློབ་སྩལ་བ་སོགས་ཀྱི་མཛད་འཕྲིན་དུ་མ་ཞིག་བསྐྱངས་གནང་མཛད་པ་ཡོད་པ་རེད།
ཡང་ཚེས་༢་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སླེ་ནང་གི་(Eliezer Joldan Memorial (EJM) ཞེས་པའི་མཐོ་རིམ་སློབ་གྲྭས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། མཐོ་རིམ་སློབ་གྲྭའི་ཚོགས་ཁང་ཆེན་མོའི་དགེ་ལས་དང་སློབ་ཕྲུག་ཆིག་སྟོང་ལྔ་བརྒྱ་ལྷག་ལ་བླང་དོར་གྱི་བཀའ་སློབ་སྩལ་སྐབས། འགྲོ་བ་མི་རྣམས་ཕན་ཚུན་གཅིག་འགྱུར་གྱི་འདུ་ཤེས་འཛིན་དགོས་པ་དང་། རྒྱལ་ཁོངས་དང་མི་རིགས། ཆོས་ལུགས་མི་འདྲ་བ་སོགས་ཀྱི་མིང་གི་ཐོག་ནས་བཟོས་པའི་ཁྱད་པར་དང་དབྱེ་འབྱེད་ཀྱི་བསམ་བློ་དོར་དགོས་པ་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་གིས། འཛམ་གླིང་དེའི་ཐོག་གནས་པའི་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་གཅིག་འགྱུར་ཡིན་པ་དང་། དེ་ནི་ཕྱིའི་ལུས་དང་ནང་སེམས་ཀྱི་འགྲོ་སྟངས་ཚང་མ་གཅིག་པ་ཡིན་ཞིང་། ང་ཚོ་ད་ལྟ་འཛམ་གླིང་དེའི་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་དེ་ཚོ་ཚང་མ་ཆོས་ལུགས་ཐེན་འཁྱེར་གཙོས་པའི་དབྱེ་འབྱེད་ཀྱི་བསམ་བློ་བཏང་དྲག་པར་བརྟེན་ནས་ཡོང་བ་དང། ད་ཆ་དབྱེ་འབྱེད་ཀྱི་བསམ་བློ་དོར་ན་དུས་རབས་༢༡ ཀྱི་མི་ཚོའི་་སེམས་བརྒྱུད་བདེ་སྐྱིད་ལྡན་པ་ཞིག་བཟོ་དགོས་པ་མ་ཟད། འཛམ་བུ་གླིང་དེ་བཞིན་ངེས་པར་དུ་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་འགན་ཁྲི་ཡོད་པའི་སྐོར་བཀའ་སློབ་སྩལ་གནང་ཡོད་པ་རེད།
ཕྱི་ཟླ་ ༨ ཚེས་ ༤ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་ཞབས་སོར་འགོད་གནང་མཛད་རྒྱུ་དང་། ཕྱི་ཟླ་ ༨ ཚེས་ ༧ ཉིན་ལྡི་ལི་ནས་རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་གྷོ་ཝར་ཞབས་སོར་འཁོད་གནང་གིས་དེ་ཕྱོགས་སུ་ གྷོ་ཝ་འཛིན་སྐྱོང་ལས་རིགས་སློབ་གྲྭ་ཆེན་མོའི་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
གསར་འགོད་པ་འཆི་མེ་དང་། ཉི་མ་གཡུ་སྒྲོན།