༧གོང་ས་མཆོག་བཞུགས་སྒར་ནས་ལྡི་ལིར་ཆིབས་ཐོན་གནང་འདུག
2017.02.02
༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་བདུན་རིང་མཛད་འཕྲིན་སྣ་མང་བསྐྱང་ཆེད་བཞུགས་སྒར་ནས་ཆིབས་ཐོན་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ས་གནས་ཁག་ཅིག་ལ་ཟླ་བ་འདིའི་ཚེས་༢་ནས་༡༣་བར་ཆིབས་བསྒྱུར་མཛད་འཆར་སྐྱོང་ཕྱིར་ཚེས་༢་ཉིན་རྒྱབ་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་གནང་འདུག
ཆིབས་བསྒྱུར་མཛད་འཆར་ལྟར་ན། ཟླ་བ་འདིའི་ཚེས་༥་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱལ་ས་ལྡི་ལིའི་ནང་གི་Talkatora་རྩེད་ཁང་ཆེན་མོའི་ནང་། དེང་དུས་ཀྱི་རྒྱ་གར་ནང་གནའ་བོའི་ཤེས་རབ་བསྐྱར་གསོ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུང་བཤད་སྩལ་གནང་མཛད་ཀྱི་འདུག
གོང་ཞུས་མཛད་འཆར་དེ་བཞིན་རྒྱ་གར་གྱི་གནའ་རབ་ཤེས་ཡོན་དང་བློ་གྲོས། ཆོས་ལུཊ་བཅས་ཀྱི་ཤེས་བྱ་བསྐྱར་གསོ་དོན་གཉེར་གནང་མཁན་གྱི་ཚོགས་་Vidyaloke་གོ་སྒྲིག་ཞུས་གནང་གི་འདུག
དེ་ནས་ཕྱི་ཟླ་༢་པའི་ཚེས་༨་དང་༩་གཉིས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་གི་St.Mary་གཞི་རིམ་སློབ་གྲྭ་དང་། Vivekananda་རྒྱལ་སྤྱིའི་དགེ་རྩ་ཁང་བཅས་སུ་ཆིབས་བསྒྱུར་འགྲུབ་སྒྲུབ་བསྟུན། ཕྱི་ཚེས་༡༡་ནས་༡༢་བར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་Hyderabad་ནང་གི་རྒྱ་གར་ཉེན་རྟོག་པའི་སྦྱོར་བརྡར་ལྟེ་གནས་ཁང་དུ་གསུང་བཤད་བཀྲིན་ཆེ་གནང་མཛད་རྒྱུ་དང་། དེ་རྗེས་༧གོང་ས་མཆོག་ལྷོ་ཕྱོགས་Amravati་དང་། Vijayawada གྲོང་ཁྱེར་གཉིས་ནང་མཛད་འཆར་བསྐྱོངས་གནང་མཛད་པའི་རྗེས་ཕྱི་ཟླ་༢པའི་ཚེས་༡༣་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་ཞབས་སོར་འཁོད་ཀྱི་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།