༧གོང་ས་མཆོག་ཡོ་རོབ་ནང་གི་མཛད་འཆར་ཆེད་ཕོ་བྲང་ནས་ཆིབས་ཐོན་གནང་འདུག
2017.09.08
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབྱིན་ཡུལ་དང་། ཇར་མན་ནི། ཨེ་ཊ་ལི། ལ་ཏི་ལྦི་ཡ་བཅས་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གི་མཛད་འཆར་ཆེད་ཕྱི་ཟླ་ ༩ ་ཚེས་ ༨ ་ཉིན་བོད་མི་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱི་ཕེབས་སྐྱེལ་ཁྲོད་བཞུགས་སྒར་ཕོ་བྲང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་གནང་འདུག
དེ་ཡང་ཕྱི་ཚེས་ ༩ ་ཉིན་ལྡི་ལི་གནམ་ཐང་བརྒྱུད་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་། དེ་ནས་གོང་ས་མཆོག་ཇར་མན་ནི། ཨེ་ཊ་ལི། ལ་ཏི་ལྦི་ཡ་བཅས་ཡུ་རོབ་རྒྱལ་ཁབ་བཞིའི་ནང་རིམ་པས་ཆིབས་བསྒྱུར་གནང་ནས་མི་མང་ལ་བྱམས་བརྩེའི་ཉམས་ལེན་དང་། ཐུན་མོང་གིས་སྤྱོད་པའི་གོ་ལའི་བཟང་སྤྱོད། དེ་བཞིན་བྱམས་བརྩེ་དང་ཤེས་ཡོན་སློབ་གསོ་བརྒྱུད་ཞི་བདེ་གོང་འཕེལ་གཏོང་ཐབས་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་རྒྱུ་དང་། དེ་བཞིན་ནང་ཆོས་དང་། དེང་དུས་ཚན་རིག་གཉིས་ཀྱི་ལྟ་སྒྲུབ་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་ཀྱི་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།