༸གོང་ས་མཆོག་ལ་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་མི་སེར་ཆེ་བསྟོད།
2009.02.10
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་རྒྱལ་ཁབ་གཉིས་ནང་གཟིགས་བསྐོར་འཚམས་འདྲིའི་མཛད་འཆར་དེ་རེས་གཟའ་ཟླ་བ་ནས་དབུ་བཙུགས་གནང་ཡོད་ཅིང་༸གོང་ས་མཆོག་གི་མཛད་འཆར་ནང་རེས་གཟའ་ཟླ་བའི་ཉིན་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་སྒན་ནི་ཨ་ལི་མ་ནོ་མཆོག་དང་ཁོང་གིས་དབུ་ཁྲིད་པའི་གྲོང་ཁྱེར་གྱི་མི་སེར་རྣམས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལ་མི་དོན་མཚུངས་པའི་དོན་དམ་གྱི་རང་སྐྱོང་གི་གནས་བབ་ཐོབ་པའི་ཆེད་དུ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་ནས་འབད་བརྩོན་གནང་བར་ཆེས་བསྟོད་དང་རྒྱབ་སྐྱོར་གནང་ཡོད་པ་མ་ཟད་༸གོང་ས་མཆོག་ལ་རྒྱལ་ས་རོམ་གྱི་མི་སེར་གྱི་ཆེས་བསྟོད་མཚན་གནས་ཕུལ་ཡོད་པ་དང་སྐབས་དེར་གྲོང་ཁྱེར་གྱི་སྤྱི་ཁྱབ་སྒན་ནི་ཨ་ལིི་མ་ནོ་མཆོག་གིས་གསུང་བཤད་ནང་ད་ནས་བཟུང་༸གོང་ས་མཆོག་གྲོང་ཁྱེར་རོམ་གྱི་སྐུ་མགོན་ཡིན་པ་མ་ཟད་ལོ་རྒྱུས་ལྡན་པའི་རོམ་གྲོང་ཁྱེར་གྱི་མེ་སེར་ཡིན་པའི་ཆེས་བསྟོད་ཆེན་པོ་ཕུལ་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཐེངས་འདིར་གྲོང་ཁྱེར་གྱི་མི་སེར་གྱི་མཚན་གནས་གནང་བ་དེས་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་མུ་མཐུད་ནས་ཕྱག་ལས་གནང་རྒྱུར་སེམས་འགུལ་གསར་པ་ཐེབས་པའི་སྐོར་བཀའ་གནང་ནས་གྲོང་ཁྱེར་མི་སེར་གྱི་ཆེས་བསྟོད་མཚན་གནས་བཞེས་གནང་ཡོད་པ་དང་མཛད་སྒོ་དབུ་བཙུགས་མ་གནང་གོང་༸གོང་ས་མཆོག་གིས་ཨ་ཊ་ལི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ནས་བོད་ནང་རྒྱ་ནག་གིས་མུ་མཐུད་ནས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པའི་སྐོར་བཀའ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།