༸གོང་ས་མཆོག་དང་རྒྱ་རིཌ་མཁས་དབང་ཁག་བར་བགྲོ་གླེང༌།
2009.05.02
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཨ་རིའི་སྙན་གྲགས་ཅན་གྱི་གཙུག་ལག་སློབ་གྲྭ་ཧར་བཌ་ནང་སློབ་གྲྭ་དེའི་སྨན་པའི་སློབ་གཉེར་སྡེ་ཚན་དང་འཕྲོད་བསྟེན་སྡེ་ཚན་གྱིས་གོ་སྒྲིག་གནང་བའི་སྒོམ་གྱི་རྣམ་བཞག་དང་སེམས་ཁམས་རིག་པའི་སྐོར་ལ་མཁས་དབང་རིག་གཅིག་རྐང་འཛིན་པ་ཁག་ཅིག་དང་ལྷན་དུ་བགྲོ་གླེང་དང་དྲི་བ་དྲི་ལན་གནང་ཡོད་པ་དང་དེ་རྗེས་ཧར་བཌ་གཙུག་ལག་སློབ་གཉེར་ཁང་གིས་མཐུན་འགྱུར་རོགས་རམ་འོག་༸གོང་ས་མཆོག་གི་བཞུགས་ཡུལ་མགྲོན་ཁང་དུ་བོད་རྒྱ་གཉིས་བར་བསམ་ཚུལ་མི་གཅིག་པ་བརྗེ་ལན་གནང་ཆེད་བསྐྱངས་བའི་ལྷན་ཚོགས་ལ་དབུ་བཞུགས་དང་སྦྲགས་རྒྱ་རིགས་མཁས་པ་དང་སློབ་ཕྲུག་ཁག་སོགས་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་ཤིག་གནང་ཡོད་ཅིང་དེའི་ཐོག་༸གོང་ས་མཆོག་གིས་བོད་རྒྱའི་བར་གྱི་འབྲེལ་ལམ་སྐོར་དང་དེ་བཞིན་ན་ནིང་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་ཁྱོག་བཤད་དྲིལ་བསྒྲགས་བྱས་ནས་རྒྱ་མི་རིགས་ཁག་ཅིག་གིས་བོད་མིའི་ཐོག་འཁོན་འཛིན་གྱི་བསམ་ཚུལ་བྱུང་ཡོད་པ་དེ་དག་སེལ་རྒྱུར་བོད་མི་ཚོས་རྒྱ་རིགས་ཚོ་དང་མཛའ་མཐུན་གྱི་འབྲེལ་ལམ་བྱེད་ནས་དོགས་སང་བྱ་དགོས་པའི་ལམ་སྟོན་གནང་གི་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།
༸གོང་ས་མཆོག་གིས་རྒྱ་ནག་ནང་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་དགུ་ལོར་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་བྱུང་བའི་རྗེས་རྒྱ་རིགས་སློབ་ཕྲུག་མང་པོ་ཞིག་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད་པ་དང་ང་ཚོ་ནི་སྐྱབས་བཅོལ་རྒན་གྲས་དང་ཁོང་ཚོ་སྐྱབས་བཅོལ་བ་གཞོན་པ་ཡིན་པའི་སྐོར་བཀའ་གནང་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་ཁྲོད་ཡིད་ཆེས་བསྐྲུན་ཐབས་གནང་དགོས་པ་ལས་འཇིགས་སྣང་དངངས་སྐྲག་གིས་སྟངས་འཛིན་བྱ་རྒྱུ་དེས་མི་མང་གི་ཡིད་ཆེས་བརླག་འགྲོ་རྒྱུ་ཡིན་པ་་བཀའ་གནང་ཡོད་པ་དང་འབྲེལ་རྒྱ་མི་རིགས་ཚོས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པའི་དམིགས་ཡུལ་བཟང་པོ་ཞིག་འཛིན་བཞིན་ཡོད་པ་ལྟར་དེར་རྒྱ་རིགས་མང་ཚོགས་ནས་གང་ལེགས་ཞབས་འདེགས་བསྒྲུབ་དགོས་པའི་བཀའ་བསྩལ་གནང་མཛད་འདུག།