༸གོང་ས་མཆོག་གིས་འདི་ལོར་དངོས་ཁམས་ཚན་རིག་ཐོག་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་རྣམ་པར་འཚམས་འདྲིའི་གསུང་འཕྲིན་སྩལ་བ།
སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༡༠པའི་ཚེས་༠༥ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཚན་རིག་གི་གྲུབ་དོན་གསར་བརྙེད་སོགས་ཀྱི་ཆེད་དུ་རླབས་ཆེན་གྱི་ཞབས་འདེགས་ཞུ་མཁན་ནོ་བྷེལ་དངོས་ཁམས་གཟེངས་རྟགས་(Nobel Prize in Physics)ཐོབ་མཁན་རྣམས་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་འདུག་པ་དེའི་ནང་། འདི་ལོའི་ནོ་བྷེལ་དངོས་ཁམས་གཟེངས་རྟགས་དེ་བཞིན་ངོས་ཀྱི་གྲོགས་པོ་དངོས་ཁམས་རིག་པ་བ་Anton Zeilinger ལགས་དང་། གཞན་ཚན་རིག་པ་Alian Aspectལགས་དང་། John Clauser བཅས་ཚན་རིག་པ་ཁོང་གསུམ་ལ་གནང་འདུག་པས། ངོས་རང་ཧ་ཅང་གི་དགའ་ཚོར་བྱུང་། ཚན་རིག་པ་ཁོང་རྣམ་གྱིས་ད་བར་དུས་རབས་གསར་པའི་ཚད་རྡུལ་དངོས་ཁམས་རིག་པའི་གཞི་རྩའི་འཕེལ་རྒྱས་ཐོག་ཞབས་འདེགས་ཆེན་པོ་ཞུས་ཡོད། དེར་བརྟེན། ངོས་ཀྱིས་ཁོང་རྣམ་གྱི་གསར་གཏོད་དང་ཉམས་ཞིབ་ཀྱི་གྲུབ་ཐོན་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདས་པའི་ལོ་ངོ་བཅུ་ཕྲག་བཞི་ཙམ་རིང་འདིར་། ངོས་ཀྱི་ཚན་རིག་པ་ཚོ་དང་ལྷན་དུ་གོ་བསྡུར་བྱས་པའི་བརྒྱུད་རིམ་ཁྲོད། དངོས་ཁམས་རིག་པ་བ་སློབ་དཔོན་Zeilinger ལགས་དང་དམིགས་བསལ་གྱི་ཚད་རྡུལ་དངོས་ཁམས་ཐོག་དོན་ཕན་ལྡན་པའི་གོ་བསྡུར་ཐེངས་འགའ་བྱས་པ་ཡིན་། ང་གཉིས་ཐོག་མར་༡༩༩༧ ལོར་རྡ་རམ་ས་ལར་ཐུག་འཕྲད་བྱུང་བའི་རྗེས་། སྤྱི་ལོ་༡༩༩༨ ལོར་ངོས་Austria ནང་རྟེན་གཞི་བྱས་པའི་Innsbruck གཙུག་ལག་སློབ་ཆེན་དུ་ཁོང་གི་ཞིབ་འཇུག་ཚོད་ལྟ་ཁང་ལ་ལྟ་སྐོར་དུ་སོང་བ་ཡིན། དེ་ནས་རིམ་པའི་རྡ་རམ་ས་ལར་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག་ཡང་ཡང་ཐུག་འཕྲད་འབྱུང་གི་ཡོད་ཅེས་གསུངས་འདུག
ཡང་མཐའ་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེང་གི་ཚན་རིག་པ་ཚོར་ངོས་ཀྱིས་དམིགས་བསལ་གྱི་གུས་འདུད་ཞུ་ཡི་ཡོད། རྒྱུ་མཚན་ནི། ཁོང་ཚོས་ང་ཚོར་དངོས་ཡོད་གནས་ལུགས་འགྲེལ་བཤད་བརྒྱབ་པ་ཙམ་མིན་པར་འགྲོ་བ་མིའི་རིན་ཐང་ཐད་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད། དེར་བརྟེན། དངོས་ཁམས་རིག་པ་བ་ Anton Zeilinger ལགས་གཙོས་པའི་ཁོང་གི་ལས་རོགས་ཚོས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་རྩར་ཕན་པའི་རླབས་ཆེན་གྱི་ཞབས་འདེགས་ཞུས་ཡོད། འདི་ལོའི་ནོ་བྷེལ་དངོས་ཁམས་གཟེངས་རྟགས་དེ་ཡང་ཁོང་ཚོར་གནང་པར་ངོས་ཧ་ཅང་གི་དགའ་ཚོར་བྱུང་ཞེས་གསུངས་འདུག
ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ༸སྐུ་སྒེར་གྱི་ངོས་ནས་ཚན་རིག་པ་Anton Zeilinger ལགས་སུ་ཡིག་ཐོག་ནས་དམིགས་བསལ་གྱི་ཟུར་དུ་འཚམས་འདྲིའི་བཀའ་ཡིག་ཞིག་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་ནོ་སྦེལ་གཟེངས་རྟགས་ནི་འཛམ་གླིང་གི་སྙན་གྲགས་ཆེ་བའི་ཚན་རིག་པ་Alfred Nobel ལགས་རྗེས་དྲན་གྱི་ཆེད་དུ་ཐོག་མ་མགོ་འཛུགས་གནང་བ་ཞིག་ཡིན་པ་དང་། སྤྱི་ལོ་༡༩༠༡ ནས་༢༠༢༡ བར་འཛམ་གླིང་ནང་གྲགས་ཆེ་བའི་མི་སྣ་༩༤༣ དང་ཚོགས་པ་༢༥ ལ་གནད་དོན་འདྲ་མིན་ཐོག་ནོ་བྷེལ་གཟེངས་རྟགས་གནང་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།