༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲྭ་ཟུར་པ་མཚོན་པའི་ཕྱི་ནང་གི་དད་ལྡན་པ་གསུམ་བརྒྱ་ལྷག་ལ་མཇལ་ཁ་སྩལ་འདུག

2025.03.06
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲྭ་ཟུར་པ་མཚོན་པའི་ཕྱི་ནང་གི་དད་ལྡན་པ་གསུམ་བརྒྱ་ལྷག་ལ་མཇལ་ཁ་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་མཇལ་གནང་བཞིན་པ། ༢༠༢༥།༠༣།༠༦
OHHDL

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲྭ་ཟུར་པ་རྣམ་ལ་མཇལ་ཁ་སྩལ་བ་དང་འབྲེལ། མཇལ་བཅར་བ་རྣམས་ནས་མགོན་པོ་མཆོག་ལ་བརྟན་བཞུགས་འབུལ་བ་ཙམ་མ་ཡིན་པར་༸རྒྱལ་བའི་བཀའ་དགོངས་བསྒྲུབ་རྒྱུར་འབད་རྩོལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༣ ཚེས་ ༦ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཟླ་འདིའི་ཚེས་ ༥ རེས་གཟའ་ལྷག་པའི་ཉིན་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུ་མཁན་གྱི་དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རྣམ་ཟུར་དང་དུད་ཅིག་ནང་མི། དེ་བཞིན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་སྩལ་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་སུ་མོན་རྟ་དབང་ནས་ཡིན་པའི་སྤྲུལ་སྐུ་བྱང་ཆུབ་དཔལ་བཟང་ལགས་ཀྱིས། ཐེངས་འདིར་ཁོང་དང་ལྷན་དུ་ཨི་སི་པན་ནས་བྱམས་བརྩེ་འགྲོ་ཕན་གླིང་ཆོས་ཚོགས་ཀྱི་ཚོགས་མི་ཁྱོན་ ༢༠ ལྷག་གིས་མགོན་པོ་མཆོག་གི་མཇལ་ཁ་ཞུ་རུ་བཅར་ཡོད་པ་དང་། དེ་ཡང་དུ་ཡུན་རིང་པོ་ཞིག་གི་རྗེས་སུ་མགོན་པོ་མཆོག་གི་མཇལ་ཁ་ཐོབ་བྱུང་པས་སེམས་ནང་བརྗོད་དཀའ་བའི་ཐུགས་ཚོར་སྐྱིད་པོ་ཞིག་བྱུང་ཞིང་། གཙོ་བོ་མགོན་པོ་མཆོག་གི་མཇལ་ཁ་ཞུས་པ་ཙམ་མ་ཡིན་པར་མགོན་པོ་གང་ཉིད་ཀྱི་ཐུགས་ཀྱི་དགོངས་པ་རྣམས་རང་ཉིད་ནས་དངོས་སུ་ལག་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།

གཞན་ཁ་སང་ཟླ་འདིའི་ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་མཁན་རྣམ་གྲྭ་ཟུར་པའི་ནང་མི་ཨ་མ་ཀུན་དགའ་སྒྲོལ་མ་ལགས་ཀྱིས། ཐེངས་འདིར་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་དང་དེ་རིང་མགོན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེ་ནི་ཤིན་ཏུ་སྐལ་པ་བཟང་པོ་བྱུང་ཞིང་། དེ་ལྟ་བུའི་སྐལ་བཟང་གི་གོ་སྐབས་ཤིག་ཡང་ནས་ཡང་དུ་ཐོབ་པའི་རེ་བ་དང་སྨོན་ལམ་ཡོད་ལ། ལྷག་པར་དུ་བོད་གཞིས་བྱེས་མཉམ་འཛོམས་དང་མགོན་པོ་གང་ཉིད་བོད་ནང་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུ་རྒྱུའི་སྐལ་བཟང་གི་ཉི་མ་མྱུར་དུ་ཤར་བའི་སྨོན་ལམ་ཡོད་པ་གསུངས་བྱུང་།

གཞན་ཡང་རྒྱུད་སྨད་གྲྭ་ཚང་ནས་ཡིན་པའི་སོག་པོའི་བླ་མ་བསྟན་འཛིན་མཁས་ཆོས་ལགས་ཀྱིས། དེ་རིང་ཁོང་དང་ལྷན་དུ་ཁོང་གི་ཕ་མ་གཉིས་ཆེད་དུ་སོག་ཡུལ་ནས་མགོན་པོ་མཆོག་གི་མཇལ་ཁ་ཞུ་རུ་བཅར་ཡོད་པ་དང་། མཇལ་ཁ་དེ་ནི་ཁོང་རྣམས་ཀྱི་མི་ཚེའི་ནང་གི་མཇལ་ཁ་ཐོག་མར་དེ་ཆགས་ཀྱི་ཡོད་པས་ཤིན་ཏུ་ནས་སྐལ་པ་བཟང་པོ་དང་བརྗོད་དཀའ་བའི་ཚོར་བ་སྐྱིད་པོ་ཞིག་བྱུང་ལ། དེ་ལྟ་བུའི་སྐལ་བཟང་གི་གོ་སྐབས་བྱུང་བ་དེ་ནི་ཁོང་གི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལས་བྱུང་ཞེས་གསུངས་བྱུང་།

མ་ཟད་ཨུ་རུ་སུ་ནས་ཡིན་པའི་རྣམ་རྒྱལ་གྲྭ་ཚང་ནང་སློབ་གཉེར་གནང་མྱོང་མཁན་བླ་མ་བསྟན་འཛིན་ལེགས་ལྡན་ལགས་ཀྱིས་གསུངས་དོན་ལ། ཐེངས་དེར་མགོན་པོ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་བྱུང་བ་དང་དེ་རིང་ཁོང་དང་ལྷན་དུ་ཨུ་རུ་སུ་ནས་ཡིན་པའི་དད་ལྡན་པ་ཁྱོན་ ༢༢ ཙམ་ནས་མགོན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད་པ་གསུངས་བྱུང་།

གཞི་རྩའི་དེ་སྔ་ཟླ་འདིའི་ཚེས་ ༣ རེས་གཟའ་ཟླ་བའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་མཁན་དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་། རྒྱལ་སྤྱིའི་ཁྱོན་གྱི་རྣམ་གྲྭ་ཟུར་པ་ཁྱོན་མི་གྲངས་ ༢༠༠ ཙམ་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་དང་། དེ་རིང་ཟླ་ ༣ ཚེས་ ༦ ཉིན་མགོན་པོ་མཆོག་གིས་རྣམ་གྲྭ་ཟུར་པ་དང་ཁོང་རྣམས་ཀྱི་ནང་མི་ཁྱོན་ ༢༠༠ ཙམ་ཞིག་དང་གཞན་ཕྱི་ནང་གི་དད་ལྡན་པ་ ༣༠༠ ལྷག་ཙམ་ལ་མཇལ་ཁ་བཀའ་དྲིན་སྩལ་གནང་མཛད་ཡོད་པ་རེད། །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎