༸གོང་ས་མཆོག་གིས། རང་ཉིད་དམན་སར་བཟུང་བ་ཡིན་ན། ང་རྒྱལ་གྱི་བློ་ཤུགས་ཆུང་དུ་འགྲོ་རྒྱུ་ཡིན་པའི་སྐོར་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཀའ་གནང་སོང་།

2023.06.04
༸གོང་ས་མཆོག་གིས། རང་ཉིད་དམན་སར་བཟུང་བ་ཡིན་ན། ང་རྒྱལ་གྱི་བློ་ཤུགས་ཆུང་དུ་འགྲོ་རྒྱུ་ཡིན་པའི་སྐོར་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཀའ་གནང་སོང་། སྤྱི་ལོ་༢༠༢༣ ཟླ་བ་ ༦ ཚེས་ ༤ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ག་ཟླ་བའི་དུས་ཆེན་དང་བསྟུན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་པ།
OHHDL

ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་ནི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཁྱད་པར་ཅན་གྱི་ཉིན་མོ་ཞིག་ཡིན་པ་ལྟར། འདི་ཚེས་༤ ཉིན་ཏེ། བོད་ཟླ་༤ པའི་ཚེས་༡༥ ཉིན་གྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ། དད་ལྡན་ཆོས་ཞུ་བ་རྣམས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བའི་སྐབས། དགེ་བཤེས་གླང་རི་ཐང་པ་ནི་རྟག་ཏུ་དམན་སར་བཟུང་ཤེས་མཁན་གྱི་བསམ་གྱི་མི་ཁྱབ་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་བཀའ་གནང་ཞིང་། རྒྱུན་དུ་རང་དམན་སར་བཟུང་བ་ཡིན་ན། ང་རྒྱལ་གྱི་བློ་ཤུགས་ཆུང་དུ་འགྲོ་རྒྱུ་ཡིན་པ་དང་། རང་གཅེས་འཛིན་དང་ང་རྒྱལ་ཆེ་དྲགས་པ་ཡིན་ན། སོ་སོ་ཕུངས་རྒྱུའི་ཉེས་ཁ་ཡོད་པ་བཀའ་གནང་སོང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མུ་མཐུད་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་གནང་བའི་སྐབས། ནང་གི་དགྲ་བོ་ངོ་མ་དེ་ཉོན་མོངས་པ་ཡིན། འགྲོ་བ་་མི་གཅིག་པ་ཡིན་ནའང་། མང་པོ་ཞིག་ལ་དཀའ་ངལ་མང་དག་ཅིག་འཕྲད་མུས་ཡིན་པ་དང་། འགའ་ཤས་ལ་སེམས་ཀྱི་དཀའ་ངལ་གྱི་རྐྱེན་གྱི་སྡུག་བསྔལ་ཡོང་གི་ཡོད། གཙོ་བོ་སོ་སོའི་བསམ་བློ་དང་ཀུན་སྤྱོད་ལ་རག་ལས་ཡོད་པ་དང་། གཞན་གྱི་རང་ལ་ཕྲག་དོག་དང་འགྲན་སེམས། སྐྱོན་བརྗོད་བྱེད་པའི་སྐབས། ཁོང་ཁྲོ་ལངས་ཏེ། ཡ་ལན་མ་བྱེད་པར་སོ་སོ་དམན་སར་བཟུང་སྟེ། སྙིང་རྗེ་ཉམས་ལེན་བྱེད་དགོས་པའི་གལ་གནད་སྐོར་བཀའ་གནང་སོང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་གོང་ཕང་ཐོབ་ཡག་གི་རྒྱུ་གཙོ་བོ་དེ་ནི་གཞན་ཕན་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཡིན་པས། ང་རང་ཚོས་ཉིན་རེར་བཞིན་དུ་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་དགོས་གལ་ཆེ། ཇི་ཙམ་གྱིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་པ་དེ་བས་སོ་སོར་བདེ་སྐྱིད་ཡོང་གི་རེད་ལ། གཉིད་ཀྱང་སྐྱིད་པ་ཁུག་ཐུབ་ཅེས་བཀའ་གནང་སོང་།

བོད་ཟླ་བཞི་པར་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཟེར་སྲོལ་ཡོད་པ་དང་། ཟླ་བ་འདིའི་ནང་། སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་བརྩོན་ན་ཕན་རླབས་ཆེན་པོ་ཡོད་པ་གསུངས་ཀྱི་ཡོད་། ཉིན་འདིར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་ཁབ་ཕྱི་ནང་ནས་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བ་༸གོང་ས་མཆོག་གི་བཀའ་ཆོས་ཞུ་བར་བཅར་འདུག་ཅིང་། རྒྱ་གར་ལྷོ་ཕྱོགས་བྷན་དྷ་ར་གཞིས་སྒར་ནས་ཆེད་དུ་གསུང་ཆོས་ཞུ་བར་ཕེབས་པའི་ཀརྨ་བཀྲིས་ལགས་ཀྱིས། དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར་དུས་རབས་ཉེར་གཅིག་པའི་སངས་རྒྱས་༸རྒྱལ་བ་རིན་པོ་ཆེའི་གསེར་ཞལ་མཇལ་བར་ཧ་ཅང་ངོ་ཚར་ཆེ་ལ། ཟླ་བ་འདིའི་ནང་གང་ཐུབ་ཀྱིས་གཞན་ཕན་སྒྲུབ་ཐབས་ལ་འབད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ལྷོ་ཀོ་རི་ཡ་ནས་ཕེབས་པའི་བོད་ཀྱི་གཞས་པ་ཁ་རག་སྤེན་པ་ལགས་ཀྱིས། ཁོང་གི་ནང་མི་ལྷན་རྒྱས། ས་ག་ཟླ་བ་དང་བསྟུན་རྡ་རམ་ས་ལར་ཡོང་སྟེ། ཆོས་ཀྱི་བྱེད་སྒོ་མང་དག་ཅིག་བྱེད་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ཐེངས་འདིའི་ས་ག་ཟླ་བའི་ཚེས་༡༥ ཉིན་བཞུགས་སྒར་ཁུལ་དུ་ནང་པ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཚོས་དབུལ་ཕོངས་ལ་སྦྱན་པ་གཏོང་བ་དང་། དགོན་པར་ཆོས་མཇལ་འགྲོ་བ། དེ་བཞིན་དཀར་ཟས་ལ་རོལ་བ་སོགས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་བརྩོན་བཞིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎