༧གོང་ས་མཆོག་གིས་མི་གྲངས་ཁྲི་ཚོ་བརྒལ་བར་བཀའ་སློབ་གནང་བ།


2016.06.22
༧གོང་ས་མཆོག་གིས་(University of Utah)་ཞེས་ཡུ་ཀྲ་མངའ་སྡེའི་གཙུག་སློབ་གྲ་ཆེན་མོའི་ནང་བཀའ་སློབ་གནང་སྐབས། ༢༠༡༦།༦།༢༡ ༧གོང་ས་མཆོག་གིས་(University of Utah)་ཞེས་ཡུ་ཀྲ་མངའ་སྡེའི་གཙུག་སློབ་གྲ་ཆེན་མོའི་ནང་བཀའ་སློབ་གནང་སྐབས། ༢༠༡༦།༦།༢༡
Jeremy Russell/OHHDL

ཞི་བདེ་གཏོར་བཤིག་གཏོང་མཁན་དེ་དཀོན་མཆོག་མ་ཡིན་པར་མི་ཡིན་པ་སོང་ཙང་ཚང་མར་འཚེ་བའི་ལས་ཀྱི་དཀའ་རྙོག་སེལ་རྒྱུའི་འགན་ཡོད།
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༢༡་ཉིན་ཨ་མི་རི་ཀའི་ཡུ་ཀྲ་མངའ་སྡེའི་རྒྱལ་ས་(Salt Lake)་གྲོང་ཁྱེར་ནང་མི་མང་སྟོང་ཚོ་མང་པོར་ཞི་བདེ་དང་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་གནང་མཛད་པ་དང་། མངའ་སྡེའི་སྲིད་སྐྱོང་ལྷན་དུ་ཉིན་གུང་ལྗགས་སྨིན་གནང་འདུག  
དེ་ཡང་འདི་ཚེས་༢༡་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་University of Utah་ཞེས་ཡུ་ཀྲ་མངའ་སྡེའི་གཙུག་སློབ་གྲ་ཆེན་མོའི་ནང་ཆིབས་བསྒྱུར་བསྐྱངས་གནང་་ མཛད་སྐབས། གཙུག་ལག་སློབ་གྲ་ཆེན་མོའི་གཙོ་འཛིན་David Pershing་མཆོག་ནས་དགའ་བསུ་ཆེན་པོ་ཞུས་པ་དང་། གཙོ་འཛིན་མཆོག་གིས་མཚན་ཐོག་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་མཐོ་ཤོས་University of Utah Presidential Medal་དང་། གཙུག་ལག་སློབ་གྲ་ཆེན་མོ་དེའི་མཚན་རྟགས་འཁོད་པའི་དབུ་ཞྭ་ཞིག་འབུལ་ལམ་ཞུས་པ་མ་ཟད། ༧མགོན་པོ་གང་ཉིད་ནས་འཛམ་གླིང་ཞི་བདེ་དང་། འཆམ་མཐུན་སྤྱི་ཚོགས་བསྐྲུན་ཐབས་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་བསྔགས་བརྗོད་ཆེན་པོ་ཞུས་འདུག
དེ་ནས་༧གོང་ས་མཆོག་གིས་གཙུག་ལག་སློབ་གྲ་ཆེན་མོའི་Huntsman Center་ཚོགས་ཁང་ཆེན་མོའི་ནང་། མི་མང་སྟོང་ཚོ་མང་པོར་ཞི་བདེ་དང་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་གནང་མཛད་སྐབས་མི་རེ་རེ་དང་། ཁྱིམ་ཚང་སོ་སོས་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་གཏོང་དགོས་པ་དང་། འཚེ་བའི་ལས་སྤེལ་མཁན་དང་ཞི་བདེ་གཏོར་བཤིག་གཏོང་མཁན་དེ་དཀོན་མཆོག་མ་ཡིན་པར་མི་ཡིན་པ་སོང་ཙང་ཁྱེད་རང་ཚོ་ཚང་མར་འཚེ་བའི་ལས་ཀྱི་དཀའ་རྙོག་སེལ་རྒྱུའི་འགན་ཡོད་སྐོར་སོགས་བཀའ་སྩལ་བའི་རྗེས་སུ། དེར་ཆེད་བཅར་ཞུས་པའི་བོད་མི་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་མི་ཉམ་བརྒྱུད་འཛིན་གནང་གལ་ཆེ་བའི་དམིགས་བསལ་བཀའ་སློབ་སྩལ་གནང་འདུག
དེ་ནས་ཡུ་ཀྲ་མངའ་སྡེའི་སྤྱི་ཁྱབ་Gary Herbert་མཆོག་གིས་༧གོང་ས་མཆོག་ལ་ཉིན་དགུང་ལྗགས་སྨིན་འདེགས་འབུལ་ཞུ་སྐབས་ཨ་རིའི་སྲིད་འཛིན་འོས་མི་ཟུར་པ་Mitt Romney མཆོག་དང་། Salt Lake་གྲོང་ཁྱེར་སྤྱི་ཁྱབ་དང་རྫོང་ཀྱི་སྤྱི་ཁྱབ་སོགས་ཆེས་མཐོའི་མི་སྣ་ཁག་ལྷན་བཅར་ཞུས་འདུག
ཨ་རིའི་CA་མངའ་སྡེའི་གྲོང་ཁྱེར་Santa Barbara་ནས་ཆེད་དུ་ཕེབས་པའི་ཐེ་པོ་རིན་པོ་ཆེ་ཡིས་Deseret་ཞེས་པའི་གསར་ཤོག་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་། ཞི་བདེའི་གསུངས་འཕྲིན་སྔོན་མ་ལས་ཀྱང་དེང་སང་དགོས་གལ་ཆེ་རུ་ཕྱིན་ཡོད་ལུགས་གསུངས་འདུག
དེ་རིང་འདི་ཚེས་༢༢་ཉིན་༧གོང་ས་མཆོག་གིས་Mormon་ཞེས་ཡེ་ཤུའི་ཆོས་ཚོགས་ཀྱི་དབུ་ཁྲིད་མཐོ་གྲས་གཉིས་ཀྱི་ལྷན་དུ་མཇལ་འཕྲད་གནང་འཆར་དང་། ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་བར་རབ་གནས་དང་མཉམ་ས་གནས་བོད་རིགས་ཚོར་བཀའ་སློབ་བཀྲིན་ཆེ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
དེ་སྔ་ཨ་རིའི་ཡུ་ཀྲ་མངའ་སྡེ་དང་རྒྱ་ནག་གཉིས་དབར་འབྲེལ་ལམ་གསར་བཟོའི་ཆེད་ཕྱག་རོགས་ཞུ་མཁན་Weber State University་གཙུག་ལག་སློབ་གྲའི་སློབ་དཔོན་Taowen Le་ཡིས་ཡུ་ཀྲའི་དབུ་ཁྲིད་རྣམས་ཀྱིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུས་ཚེ་རྒྱ་ནག་དང་འབྲེལ་ལམ་ལ་གནོད་སྐྱོན་ཐེབས་རྒྱུ་ཡིན་ལུགས་བཤད་ཀྱང་། ཡུ་ཀྲའི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་དང་འབྲེལ་ལམ་ལ་བརྟེན་ནས་རང་གི་གཞི་རྩའི་རིན་ཐང་སྨྲ་བརྗོད་རང་དབང་བློས་གཏོང་དགོས་དོན་མེད་སྐོར་གྱི་བཀའ་ལན་གནང་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎