༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བཙུགས་ནས་ལོ་༢༥ འཁོར་བར་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་མཛད་པ།
ཕྱི་ལོ་ ༡༩༩༦ ལོར་ཨ་རིའི་གྲོས་ཚོགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་འཛུགས་རྒྱུར་སྔོན་རྩིས་བཀའ་ཁྲོལ་བྱུང་རྗེས། ལོ་དེ་གའི་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་རྒྱང་སྲིང་དང་པོ་དེ་གནང་སྟེ་ལོ་ངོ་ཉི་རྩ་ལྔ་ཧྲིལ་པོ་འཁོར་གྱི་ཡོད་པ་རེད། བོད་སྐད་སྡེ་ཚན་རྒྱང་སྲིང་ཐོག་མ་དེ་ཕྱི་ལོ་ ༡༩༩༧ ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་ཞུས་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསར་དུ་བཙུགས་ནས་ལོ་ ༢༥ འཁོར་བའི་ཉིན་མོར་གསར་ཁང་འདིའི་འགོ་ལས་ཡོངས་ཀྱི་ལས་དོན་ལ་བསྔགས་བརྗོད་དང་། གནས་ཚུལ་འགྲོ་འོང་གི་རང་དབང་མེད་པའི་ས་གནས་ཁག་ཏུ་གནས་ཚུལ་མཁོ་སྤྲོད་བྱེད་པའི་ལས་དོན་ཐད་མུ་འཐུད་འབད་བརྩོན་བྱེད་དགོས་པའི་ལམ་སྟོན་ཡང་མཛད་པའི་གསུང་འཕྲིན་ཞིག་ཆེད་དུ་སྩལ་གནང་མཛད་ཡོད། འཚམས་འཕྲིན་གྱི་བརྙན་པར་གཤམ་གྱི་དྲ་ཚིག་ཐོག་སྣོན་ན་གཟིགས་ཐུབ།