ང་ཚོ་གསོན་པའི་རིང་དེར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་མཉམ་གནས་དང་རོགས་རེས་བྱེད་དགོས། ༧གོང་ས་མཆོག་གིས།

2023.11.08
ང་ཚོ་གསོན་པའི་རིང་དེར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་མཉམ་གནས་དང་རོགས་རེས་བྱེད་དགོས། ༧གོང་ས་མཆོག་གིས། སྤྱི་ནོར་༧གོང་ས་མཆོག་གིས་ཡོ་རོབ་ཀྱི་འགོ་ཁྲིད་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། ༡༡།༠༨།༢༠༢༣
OHHDL

དེ་ཡང་ཡོ་རོབ་ནང་གི་གནམ་གཤིས་འགྱུར་ལྡོག་དང་ཞི་བདེ་གོང་སྤེལ་ཐད་ཀྱི་འགོ་ཁྲིད་ཁག་ཅིག་ལ་བཞུགས་སྒར་ཕོ་བྲང་དུ། སྤྱི་ནོར་༧གོང་ས་མཆོག་གིས་སྤྱི་ཟླ་༡༡པའི་ཚེས་༨ཉིན་མཇལ་ཁ་སྩལ་བ་དང་འབྲེལ་བཀའ་སྩལ་སྐབས། ང་ཚོ་གསོན་པའི་རིང་དེར་འགྲོ་བ་མི་གཅིག་གྱུར་མཉམ་གནས་བྱ་དགོས་པའི་འདུ་ཤེས་ཀྱི་ཐོག་ནས། ཕན་ཚུན་རོགས་རེས་གལ་ཆེན་པོ་རེད་ཅེས་དང་། ངོས་ནས་བསམ་ན་ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བའི་རྗེས་འབྲངས་སོགས་ལ་བརྟེན་ནས། ང་དང་ཁྱོད་ཟེར་བའི་དབྱེ་འབྲེད་ཀྱི་རྣམ་པའི་ཐོག་ནས་འགྲོ་བ་མི་གཅིག་པ་ཡིན་ཡང་ཕན་ཚུན་མཚོན་ཆ་ལ་བརྟེན་ཆེད་དུ་གཉེར་ནས་སྡུག་བསྔལ་བཟོ་བཞིན་པ་ནི་བསམ་ཡུལ་ནས་འདས་པ་ཞིག་རེད་ཅེས་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་ང་ཚོས་བསམ་བློ་གསར་པ་བཏང་སྟེ་འགྲོ་བ་མི་ཐེར་འབུམ་བདུན་བརྒྱད་ཅིག་ཡོད་པ་ཚང་མ་ཐོག་མར་སྐྱེས་སྟངས་དང་། ཨ་མའི་བརྩེ་བ་དང་བྱམས་སྐྱོང་འོག་ཚར་ལོངས་འབྱུང་སྟངས། མཐའ་མ་འཆི་སྟངས་སོགས་ཚང་མ་གཅིག་འགྱུར་ཡིན་ཞིང་། ས་ཡི་གོ་ལ་ཆུང་ཆུང་འདི་ང་ཚོ་ཀུན་ལ་བདག་པ་ཡིན་པས། ང་ཚོ་འགྲོ་བ་མི་རྣམས་གང་ལྟར་མཉམ་གནས་དགོས་པ་ནི་རང་བཞིན་ཡིན་པས། སོན་པའི་རིང་ཕན་ཚུན་བརྩེ་བའི་རྨངས་གཞིའི་ཐོག་ནས་རོགས་རེས་གང་ཐུབ་བྱེད་པ་ལས། ཆོས་ལུགས་མི་འདྲ་བ་དང་མི་རིགས་མི་འདྲ་བ། ཁ་མདོག་མི་འདྲ་བ་སོགས་ཀྱི་རྒྱུ་མཚན་གྱི་ཐོག་ནས་ཕན་ཚུན་གནོད་འཚེ་དང་མཐའ་ན་གསོད་རེས་གཏོང་བ་ནི་རྩ་བ་ནས་མི་འོས་པ་ཡིན་པ་བཀའ་གནང་འདུག

Meeting with European Campaigners for Peace  (2).jpg
མཇལ་བཅར་བའི་ཁོངས་སུ་ཡོད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོ་རོབ་ནང་ཟས་རིགས་ལས་འཆར་དང་འབྲེལ་བའི་སློབ་སྟོན་པ། ཧྥ་རན་སིའི་མི་རིགས་ཐོ་མ་སི་ལུ་གྷང་ལགས་ནས། འགྲོ་བ་མི་གཅིག་གྱུར་ཡིན་པའི་གལ་གནད་ཐོག་༧གོང་ས་མཆོག་གིས་དགོངས་པ་ཤུགས་ཆེར་བཞེས་ཀྱི་འདུག་ཅིང་། གནམ་གཤིས་འགྱུར་ལྡོག་གི་ཆ་ནས་ང་ཚོ་ཚང་གཅིག་པ་ཡིན་པ་ཧ་གོ་ཐུབ་པ་བྱུང་ན། དེ་ནི་གནམ་གཤིས་འགྱུར་ལྡོག་གི་ལས་དོན་ཐད་ནུས་པ་འཐོན་པའི་གཞི་རྩ་ཆགས་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མཇལ་ཁ་གྲུབ་རྗེས་གསུངས་བྱུང་།
ཡང་ཧྥ་རན་སིའི་ནང་གི་མི་ཤུགས་ཐོན་ཁུངས་ཀྱི་ཡིག་ཚང་འགན་འཛིན་ལོ་རན་སི་སྒྲི་ཧྥང་ཐྲི་ནི་ལགས་ནས། མཇལ་ཁའི་སྐབས་༧གོང་ས་མཆོག་གིས་ཨ་མའི་བྱམས་བརྩེ་གལ་ཆེན་ཡིན་པ་བཀའ་སྩལ་བ་བཞིན། ང་ཚོས་ས་ཡི་གོ་ལ་འདི་སོ་སོའི་མ་ཡུམ་དུ་བརྩིས་ཏེ་ཁོར་ཡུག་སྲུང་སྐྱོབ་དང་བདག་སྐྱོང་བྱས་ན། གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་ཧྥ་རན་སིའི་ནང་ཚོང་ལས་གཉེར་མཁན་ཁོན་ནཱང་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་ཁ་ཞུས་རྗེས། ང་རང་ལ་བརྩེ་བའི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་དང་། ང་ཚོ་ཚང་མ་གཅིག་པ་ཡིན་པའི་ཚོར་ཤུགས་གཏིང་ཟབ་བྱུང་བ་འགྲེལ་བརྗོད་བྱ་མི་ཐུབ་པའི་ཉམས་མྱོང་ཞིག་བྱུང་། ང་རང་འགྲོ་བ་མི་ཚང་མར་ལྟོས་འབྲེལ་དང་ང་ཚོ་ཚང་མ་བྱིས་པ་ལྟ་བུ་དང་། མཉམ་དུ་རྩེད་མོ་རྩེད་ཆོག་པའི་སྣང་བ་ཞིག་འཁོར་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
ལོ་རེ་འཆར་ཅན་ལྟར་ཡོ་རོབ་ནང་གནམ་གཤིས་འགྱུར་ལྡོག་དང་ཞི་བདེ་གོང་སྤེལ་གྱི་འགོ་ཁྲིད་གནང་མཁན་རྣམ་པས། བཞུགས་སྒར་དུ་འགོ་ཁྲིད་ཚོའི་ནང་བྱམས་བརྩེའི་ནུས་པ་སྤེལ་ཐབས་ཀྱི་ལྷན་ཚོགས་དེ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ལྷན་གནང་ཡོད་པ་དང་ཆབས་ཅིག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་མཇལ་ཁ་ལམ་སྟོན་ཕེབས་སྲོལ་ཡོད་པ་རེད།


སར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎