༧གོང་ས་མཆོག་གིས་མེ་ཡོ་སྨན་ཁང་གི་ལས་བྱེད་ཚོར་བཀའ་སློབ།


2016.03.01
༧གོང་ས་མཆོག་གིས་ཨ་རིའི་མེ་ཡོ་སྨན་ཁང་གི་ལས་བྱེད་ཚོར་བཀའ་སློབ་བསྩལ་སྐབས། ༢༠༡༦།༢།༢༩ ༧གོང་ས་མཆོག་གིས་ཨ་རིའི་མེ་ཡོ་སྨན་ཁང་གི་ལས་བྱེད་ཚོར་བཀའ་སློབ་བསྩལ་སྐབས། ༢༠༡༦།༢།༢༩
OHHDL

དེ་ཡང་ཨ་མི་རི་ཀའི་མེ་ཡོ་སྨན་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སང་ཕྱི་ཟླ་༢ཚེས་ ༢༩ཉིན་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་གྲོང་ཁྱེར་རོ་ཆེསི་ཊར་ནང་ཡོད་པའི་མེ་ཡོ་སྨན་ཁང་ནང་སྨན་ལས་ཀྱི་ནང་བྱམས་སྙིང་རྗེའི་ཉམས་ལེན་ཞེས་པའི་བརྗོད་གཞིའི་སྒོ་ནས་བླང་དོར་གྱི་བཀའ་སློབ་བསྩལ་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྨན་ཁང་དེའི་སྨན་པ་དང་སྨན་ཞབས་པ། འཛིན་སྐྱོང་གི་ལས་བྱེད་པ་སོགས་མི་གྲངས་ལྔ་བརྒྱ་ལྷག་ལ་བཅར་འདྲི་བཀའ་ལན་གྱི་ལམ་ནས་བཀའ་སློབ་གསུང་བཤད་སྩལ་སྐབས། ཁྱེད་རྣམས་ནི་རེ་བ་ཆེན་པོ་དང་བཅས་ཡོང་མཁན་གྱི་མི་སྟོང་ཕྲག་མང་པོར་སྨན་བཅོས་བྱས་ཏེ་ཁོང་ཚོའི་རེ་བ་བསྐོང་གི་ཡོད། ང་ནད་པ་རྒས་པོ་ཞིག་ལ་སྨན་པ་དང་སྨན་ཞབས་པ། དེ་བཞིན་གསོ་རིག་འཕྲུལ་ལས་པ་ཚང་མས་ཁྱེད་རྣམས་ནས་ཤ་ཚ་དང་བརྩེ་སེམས། འགན་ལེན་འཁུར་བའི་ཐོག་ནས་ཧ་ཅང་བྱམས་བརྩེ་ཆེན་པོ་གནང་བྱུང་བས། དེ་རིང་འདིར་ངས་ཁྱེད་རྣམས་དང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་སྤྲོ་སེམས་འཕེལ་བ་ཞིག་བྱུང་ཞེས་བཀའ་གནང་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲིའི་ངོ་བོའི་ཐོག་ནས་བགྲོ་གླེང་ཞུ་མཁན་ནི་མངའ་སྡེ་དེའི་ནང་གི་བརྙན་འཕྲིན་མདོ་འཛིན་པ་གྲགས་ཅན་ལྕམ་Cathy Wuzer ཡིན་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། པགས་པའི་མཚོན་མདོག་དང་མི་རིགས་མི་འདྲ་བ། ཆོས་ལུགས་མི་འདྲ་བ་སོགས་ནི་ཕྱི་ཚུལ་གྱི་ཁྱད་པར་ཞིག་ཡིན་པ་ལས། དངོས་ཡོད་གནས་ཚུལ་ནི་འཛམ་གླིང་འདིའི་ནང་མི་ཐེར་འབུམ་བདུན་ཙམ་ཡོད་པ་དེ་དག་ཡོངས་རྫོགས་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་བཀའ་གནང་པ་དང་། དཔེར་ན་སྨན་ཁང་འདིའི་ནང་མི་ནད་པ་ཞིག་སྨན་བཅོས་ཆེད་ཡོང་སྐབས་ནད་པ་དེའི་ནད་ཇི་ཡིན་ཞིབ་འཇུག་བརྟག་དཔྱད་བྱེད་པ་ལས་ནད་པ་དེའི་པགས་པའི་མཚོན་མདོན་ཇི་ཡིན་དང་ཆོས་ལུགས་ཇི་ཡིན་སོགས་སྐད་ཆ་མི་འདྲི་བ་དེ་ནས་ཤེས་རྟོགས་ཐུབ་པ་ཞིག་རེད། བྱེད་ཕྱོགས་འདི་ང་ཚོས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ནང་ལག་བསྟར་བྱེད་ཐུབ་ཚེ་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུ་ངེས་པ་ཡིན་པ་བཀའ་གནང་འདུག།
འདས་པའི་ཟླ་བ་གཅིག་ལྷག་རིང་ཨ་མི་རི་ཀའི་མེ་ཡོ་སྨན་ཁང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྐུའི་འཕྲོད་བཞེད་ཀྱི་སྨན་བཅོས་ཕུལ་ཡོད་ཅིང་། ཁ་སང་སྤྱི་ཟླ་༢བའི་ཚེས༢༩་གཟའ་ཟླ་བ་ཉིན་༧སྐུའི་སྨན་བཅོས་འབུལ་རྒྱུའི་ཉིན་མཐའ་མ་དེ་ཡིན་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྙིང་རྗེ་ཟེར་བ་དེ་ནི་གཞན་གྱི་སྡུག་བསྔལ་ལ་སེམས་འཁུར་བླངས་པའི་དོན་ཞིག་ཡིན་པས། ཁྱེད་ཚོས་ནད་པར་སྨན་བཅོས་བྱེད་སྐབས་བློ་དེ་ལྟར་བཅངས་པའི་ཐོག་ནས་བྱས་ཚེ་ནད་པ་རང་ཉིད་དང་དེའི་ཉེ་འབྲེལ་གྱི་མི་ཚོའི་སེམས་ནང་བདེ་བ་དམིགས་བསལ་བ་ཞིག་འབྱིན་ཐུབ་རྒྱུ་ཡིན་པ་བཀའ་གནང་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་ཕྱི་ཚེས་༤ཉིན་རོ་ཆེསི་ཊར་ནས་ཕེབས་ཐོན་གྱིས་ཨ་རིའི་ཇོར་ཇི་ཡ་མངའ་སྡེའི་ནང་ཡོད་པའི་Sea Islandཞེས་པའི་ས་གནས་སུ་ཆིབས་བསྒྱུར་དང་། དེ་ནས་མེ་ཌི་སོན་བཅས་སུ་ཆིབས་བསྒྱུར་མཛད་འཆར་སྐྱོང་གནང་རྒྱུ་ཡིན་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎