བྱང་ཆུབ་ཀྱི་སེམས་ལ་སྦྱང་པ་བྱེད་ན་ངེས་པ་སྐྱེ་ཐུབ། ༧གོང་ས་མཆོག་གིས།
2019.02.22
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་སྦྱང་པ་བྱེད་ན་ངེས་པ་སྐྱེ་ཐུབ་པ་ཞིག་ཡིན་པ་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བཅུ་གྲངས་ཙམ་ནས་སྟོང་པ་ཉིད་ཀྱི་དོན་ལ་དགོངས་པ་བཞེས་རྒྱུ་དབུ་འཛུགས་ཀྱིས་ད་ཆ་ལོ་གྲངས་ ༧༠ ཙམ་འགྲོ་གི་ཡོད་པ་བཀའ་གནང་པ་དང་། དེ་ཡང་གཙོ་བོ་མཚན་ཞབས་པ་སོག་རིགས་རྒན་དངོས་གྲུབ་ཚོགས་གཉིས་ལགས་ཀྱིས་བསྐུལ་མའི་འོག་བྱུང་བ་ཞིག་ཡིན་པ་ཕྱི་ཟླ་ ༢ ཚེས་ ༢༣ ཉིན་དབུ་མ་སྙིང་པོའི་གསུང་ཆོས་ཉིན་མཐའ་མའི་སྐབས་བཀའ་གནང་འདུག དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྩེ་གཅིག་པའི་བསམ་གཏན་གྱི་ནུས་པ་ཆེ་ཙམ་བྱུང་ན་སྐུ་ཚེ་འདིར་ཐེག་ཆེན་སྦྱོར་ལམ་ཐོབ་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་བཀའ་གནང་ཞིང་། སློབ་མ་ཚོས་ཀྱང་སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་ལ་ཧུར་བརྩོན་གྱིས་འབད་བརྩོན་བྱེད་ཚེ་ཉམས་རྟོགས་གཅིག་མཚུངས་ཡོང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད། བོད་བརྒྱུད་ནང་བསྟན་ནི་གསང་སྔགས་ཀྱི་ཉམས་ལེན་ཤུགས་ཆེ་ཡོད་པ་ཞིག་ཡིན་སྟབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མདོ་ཕྱོགས་ནས་གསུངས་པའི་བྱང་ཆུབ་ཀྱི་སེམས་དང་ལྷག་པར་དུ་སྟོང་པ་ཉིད་ཀྱི་ལྟ་བའི་དོན་ཙམ་ཡང་མ་ཤེས་པ་ཡིན་ན་སྟོང་གཟུགས་ལྷ་སྐུར་ཤར་བར་མོས་པའི་ལྷའི་རྣལ་འབྱོར་ཡོང་ཐབས་མེད་པ་བཀའ་གནང་ཞིང་། དབུ་མའི་དོན་བསྟན་པའི་བསྟན་བཅོས་ཁག་ནི་ཧ་ཅང་གི་གལ་ཆེན་པོར་གཟིགས་ནས། རིས་མེད་བླ་མ་ཁག་གི་དྲུང་ནས་དབུ་མའི་བསྟན་བཅོས་མང་པོ་ཞིག་གི་བཤད་ལུང་ཞུས་གནང་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
ཕྱི་ཚེས་ ༢༣ ཉིན་སློབ་དཔོན་ལེགས་འབྱེད་ཀྱིས་མཛད་པའི་དབུ་མ་འཇུག་པའི་གསུང་ཆོས་མཇུག་བསྒྲིལ་མཛད་ཅིང་། ཕྱི་ཚེས་ ༢༤ ཉིན་སེམས་བསྐྱེད་དང་འཇམ་པའི་དབྱངས་ཀྱི་རྗེས་སྣང་སྩོལ་རྒྱུ་ཡིན་པ་རེད།
རྣམ་ཀུན་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དྲ་རྒྱའི་ཐོག་ཐད་གཏོང་ཞུས་པ་ལྟར་མི་འབུམ་ཕྲག་འགའ་ཤས་ཀྱིས་མཇལ་འདུག་ཅིང་། དངོས་སུ་ཆོས་ཞུ་བའི་ཁོངས་སུ་སློབ་གཉེར་དགེ་འདུན་པ་དང་བཙུན་སྡོམས་སྟོང་ཚོ་འགའ་ཤས་ཐོག། བོད་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས། དེ་མིན་ཡུལ་གྲུ་མི་འདྲ་བ་ ༥༨ ཙམ་གྱི་མི་རིགས་ཆོས་ཞུ་བའི་ཁོངས་སུ་འདུག་ལ། རྒྱ་སྐད་དང་དབྱིན་ཇི། ཧིན་དི། རུ་སུ། ཝིཡཏ་ནམ། ཉེ་ཧོང། སོག་སྐད་དང་སཔེན་སྐད་ཀྱི་ནང་ཐད་བསྒྱུར་ཞུས་ཡོད་པ་རེད།