ཀླད་པ་སྤུས་དག་ཅིག་ཡོད་པ་དེ་གོ་ཆོད་པ་ཞིག་བྱེད་དགོས།

༧གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་གཙོ་བོར་གྱུར་བའི་དད་ལྡན་མི་མང་རྣམས་ལ་ཆོས་འབྲེལ་ཉིན་གསུམ་པར་མི་ལ་ཀླད་པ་སྤུས་དག་ཅིག་ཡོད་པ་དེ་གོ་ཆོད་པ་ཞིག་བྱེད་དགོས་བ་གསུངས་འདུག

2012.10.31

དེ་ཡང་༧གོང་ས་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་ཆོས་འབྲེལ་ཉིན་གསུམ་པར་དགེ་བསྙེན་གྱི་སྡོམ་པ་འབོགས་འཇོག་དང་བྱང་ཆུབ་སེམས་བསྐྱེད། སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་བཀྲིན་ཆེ་གནང་མཛད་འདུག།
སྐབས་དེར་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་འཕྲོས་སྐྱོང་དང་འབྲེལ་བཀའ་སློབ་ཕེབས་དོན། བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་རྣམས་རིམ་བཞིན་གསུངས་ཡོད། དེ་དག་བསྟན་པ་སྤྱི་མཚན་དབང་དུ་བྱས་པ་ཞིག་ཡིན་པ་དང།  སྐལ་ལྡན་སློབ་མ་ཚན་ཉིད་ཚང་བ་ཞིག་ཡོད་ན། དེར་གདམས་ངག་ཚིག་ཁ་ཤས་ཤིག་གནང་བ་དེས་ངོ་འཕྲོད་རྒྱུ་ཡིན་སྐོར་བཀའ་གནང་བ་དང༌།

རྒྱུན་དུ་བཟི་སྨན་(drugs) བེད་སྤྱོད་རྩ་བ་ནས་བྱ་རྒྱུ་མེད་པ་དང༌། ཆང་འཐུང་རྒྱུ་དེ་ཡང་སོ་སོའི་གཟུགས་པོའི་འཕྲོད་བསྟེན་ཆེད་ཡིན་ན་ཕྲན་བུ་བཏུང་ན་འགྲིག་གི་ཡོད་པ་ལས། ར་བཟི་བཟི་བར་རྩ་བ་ནས་འཐུང་རྒྱུ་མེད་སྐོར་བཀའ་ཕེབས་འདུག།

དེ་བཞིན་༧གོང་ས་མཆོག་གིས་ འཛམ་གླིང་འདིའི་སྟེང་མིས་མཚོན་སྲོག་ཆགས་གྲངས་ལས་འདས་པ་ཡོད་པ་དེ་དག་བརྒྱ་ཆ་བརྒྱ་ཐམ་པ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་དུས། ང་ཚོ་འགྲོ་བ་མིར་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡོད་པ་ལྟར། དལ་འབྱོར་མི་ལུས་ཐོབ་པར་བརྟེན་གང་ཙམ་བསམ་བློ་གཏོང་ཐུབ་པའི་ཀླད་པ་སྤུས་དག་ཅིག་ཡོད་པ་དེ་གོ་ཆོད་པ་ཞིག་བྱེད་དགོས་རྒྱུ་དང༌། གཞན་ཕན་བསྒྲུབ་རྒྱུའི་བྱང་ཆུབ་ཀྱི་སེམས་སོ་སོའི་རྒྱུད་ལ་བསྐྱེད་དགོས་སྐོར་བཀའ་སློབ་སྩལ་བ་དང་ལྷན། བཀའ་ཆོས་འཕྲོས་སྐྱོང་མཛད་དེ་རིམ་བཞིན་མི་མང་དགེ་བསྙེན་གྱི་སྡོམ་པ་ཞུ་འདོད་ཡོད་པ་ཚོར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་འབོགས་འཇོག་དང་། མི་དམངས་བྱིངས་ལ་བྱང་ཆུབ་སེམས་བསྐྱེད། དེ་བཞིན་སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་སྩལ་ཏེ་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ཡོངས་སུ་ལེགས་གྲུབ་མཛད་ཡོད་ཅིང༌། ཕྱི་ཟླ་ ༡༡ ཚེས་ ༤ ནས་ ༡༣ བར་༧གོང་ས་མཆོག་ཉི་ཧོང་ནང་ཆིབས་སྒྱུར་བསྐྱང་གནང་མཛད་ཀྱི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎