༸གོང་ས་མཆོག་གིས། རང་གཞན་གཉིས་ཀྱི་དོན་བསྒྲུབ་པར་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་པ་ལས་ལྷག་པ་མེད། ཅེས་བཀའ་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཟླ་ ༩ པའི་ཚེས་ ༥ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་རང་འགྲེལ་གྱི་ཐོག་ནས་བཀའ་ཆོས་བཀའ་དྲིན་སྨིན་སྩོལ་མཛད་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་ནི་ཆོས་དད་ཡོད་མཁན་དང་མེད་མཁན་གཉིས་ཀར་ཕན་ཐོགས་ཡོད་པའི་ཆོས་ལུགས་ཤིག་ཡིན་པ་དང་། རང་གཞན་གཉིས་ཀྱི་དོན་སྒྲུབ་པར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱས་པ་ལས་ལྷག་པ་མེད། ཅེས་བཀའ་གནང་སོང་།
༸སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྡུག་བསྔལ་གྱི་འབྱུང་རྩ་ནི་བདེན་འཛིན་དང་རང་གཅེས་པར་འཛིན་པའི་བློ་ཆེ་དྲགས་པའི་རྐྱེན་གྱིས་ཡོང་གི་ཡོད་པ་དང་། ཇི་ཙམ་གྱིས་བྱམས་བརྩེའི་ཁོར་ཡུག་བསྐྲུན་པ་ཡིན་ན། དེ་བས་བདེ་སྐྱིད་ཡོང་གི་ཡོད་པ་བཀའ་གནང་ཞིང་། སྐབས་རེར་སེམས་འཁྲུགས་པ་དང་མི་བདེ་བའི་རིགས་བྱུང་སྐབས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་པ་ཡིན་ན། སེམས་ལྷོད་ལྷོད་ཡོང་བར་ཏན་ཏན་ཕན་ཐོགས་འདུག་ཅེས་བཀའ་གནང་སོང་།
ཡང་༸གོང་མཆོག་གིས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་འཁྲུངས་ཡུལ་ནི། མགོན་པོ་གང་ཉིད་མཆོག་གི་འཁྲུངས་ཡུལ་སྟག་འཚེར་གྲོང་ཚོ་དང་ཧ་ཅང་ཐག་ཉེ་པོ་ཡིན་པར་མ་ཟད། དུས་རབས་མང་པོའི་གོང་དུ་རྗེ་རིན་ཆེས་བསྟན་དང་འགྲོ་བའི་དོན་དུ་ཞབས་འདེགས་ཞུས་པ་བཞིན། དུས་རབས་ཉེར་གཅིག་པའི་ནང་དུ་ཡང་མགོན་པོ་གང་ཉིད་མཆོག་གིས་བསྟན་འགྲོའི་དོན་དུ་ཧུར་ཐག་གནང་མུས་ཡིན་ཁར། དམིགས་བསལ་སྔར་དང་མི་འདྲ་བ་ནང་ཆོས་དེ་བཞིན་དེང་གི་ཚན་རིག་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་མཁན་གྱི་ཆོས་ལུགས་ཤིག་ཡིན་པ་གསལ་སྟོན་ཐུབ་ཡོད་པ་བཀའ་གནང་སོང་།
ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ལ་ཐའེ་ཝན་དང་། ཝི་ཏི་ནམ། མ་ལེ་ཤེ་ཡ། སིངྒ་པུར་བཅས་ནས་ཆོས་ཞུ་བ་ ༦༠༠ ལྷག་ཆེད་བཅར་གནང་འདུག་ཅིང་། ཐའེ་ཝན་ནས་ཡིན་པའི་དད་ལྡན་ཆོས་ཞུ་བ་ Jiquan ལགས་ཀྱིས་འདས་པའི་ལོ་ངོ་ ༡༠ ལྷག་རིང་༸གོང་ས་མཆོག་གི་རྗེས་འབྲང་པ་གནང་སྟེ། མགོན་པོ་གང་ཉིད་མཆོག་གི་དྲུང་ནས་བཀའ་ཆོས་ཡང་ཡང་ཞུ་བཞིན་ཡོད་འདུག “སྤྱིར་ནང་པ་ཚོས་ཉམས་ལེན་བྱ་རྒྱུའི་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྟག་ཏུ་ང་ཚོར་གཞན་ཕན་གྱི་བློ་དེ་གཉིས་ཉམས་ལེན་བྱེད་དགོས་པ་བཀའ་སློབ་ལམ་སྟོན་གནང་གི་ཡོད་པར་མ་ཟད། དེ་ལྟར་བྱུང་ན། རང་གཞན་ཚང་མར་ཕན་ཐོགས་དང་བདེ་སྐྱིད་ཡོང་ངེས་ཡིན།” ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་ཐེངས་འདིར་ཝི་ཏི་ནམ་ནས་དད་ལྡན་ཆོས་ཞུ་བ་ ༡༦༠ ཙམ་ཞིག་ཕེབས་འདུག་པའི་ཁྲོད་ནས་ཆོས་ཞུ་བ་ Le Xuan ལགས་ཀྱིས། ཡུན་རིང་ཞིག་ནས་༸གོང་ས་ཏཱ་ལའི་བླ་མཆོག་གི་གསེར་ཞལ་མཇལ་བར་ཧ་ཅང་ངོ་མཚར་ཆེ་ཞིང་། དྷ་རམ་ས་ལར་ཐེངས་དང་པོ་ཡོང་སྟེ། མགོན་པོ་གང་ཉིད་མཆོག་གི་གསུང་ཆོས་ཞུ་རྒྱུ་བྱུང་བས། སེམས་ལ་ཞི་བདེ་དང་སྐྱིད་པོ་ཞེ་དྲག་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཝི་ཏི་ནམ་ནས་ཕེབས་པའི་ Pitts Thanh Dieu ལགས་ཀྱིས། ངའི་མི་ཚེ་ནང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་༸སྐུ་དངོས་སུ་མཇལ་བ་ད་རེས་ཐེངས་དང་པོ་ཡིན་པས། སེམས་ནང་དགའ་ཚོར་དཔག་མེད་དུ་སྐྱེས་བྱུང་། དེ་སྔ་ངས་༸གོང་ས་མཆོག་གི་རྣམ་ཐར་དང་། ལྷག་པར་དུ་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་རྣམ་ཐར་སྐོར་ལྟ་ཀློག་བྱས་མྱོང་། གཞི་རྩའི་ཆ་ནས་ང་ཨ་རིར་གནས་སྡོད་བྱེད་ཀྱི་ཡོད། འོན་ཀྱང་ད་རེས་སྐལ་བཟང་གི་གོ་སྐབས་འདི་གོ་ཐོས་བྱུང་བས། ཆེད་དུ་ངའི་ཝི་ཏི་ནམ་སྤུན་གྲོགས་ཚོ་ལྷན་དུ་དྷ་རམ་ས་ལར་༸གོང་ས་མཆོག་གི་གསུང་ཆོས་ཞུ་བར་བཅར་བ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་ Sarka ལགས་ཀྱིས་རང་ཉིད་ཀྱི་ཨ་མའི་ལྷན་དུ་ཆེད་དུ་བཞུགས་སྒར་དྷ་རམ་ས་ལར་༸གོང་ས་མཆོག་གི་གསུང་ཆོས་ཞུ་བར་བཅར་འདུག་པར་མ་ཟད། ཁོ་མོ་ནི་༸གོང་ས་མཆོག་གི་གསུང་ཆོས་ཞུས་རྗེས་ནང་ཆོས་ལ་དམིགས་བསལ་དོ་སྣང་སླེབས་ཡོད་འདུག “ང་ནི་ནང་པའི་ཁྱིམ་ཚང་ནས་མིན་ལ། ངའི་ཨ་མ་ཡང་ནང་པ་མ་རེད། འོན་ཀྱང་། ད་ལྟ་ང་ནི་ནང་པ་རེད་ཟེར་ན་ཆོག ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་ཆོས་མ་ཞུས་གོང་ལ་། ང་ག་རེ་བྱས་ནས་འཚོ་བཞིན་ཡོད་མེད་ངས་ཤེས་མ་སོང་ལ། མི་ཚེར་སྙིང་པོ་མེད་པའི་ཚོར་བ་ཡང་བྱུང་། འོན་ཀྱང་། རྗེས་སུ་༸གོང་ས་མཆོག་གི་གསུང་ཆོས་དང་། བཀའ་སློབ་ཁག་ལྟ་ཉན་བྱས་རྗེས། རང་ཉིད་ཀྱིས་རང་ལ་མི་ལུས་གསར་པ་ཞིག་སྦྱིན་པ་ལྟ་བུར་གྱུར་སོང་།” ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་དེ་བཞིན་ཕྱི་ཚེས་ ༥ ནས་ ༦ བར་ཉིན་གྲངས་གཉིས་རིང་སྩལ་འཆར་ཡིན་པ་དང་། ཡང་རིང་མིན་ཕྱི་ཟླ་ ༡༠ པའི་ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།