༸གོང་ས་མཆོག་གིས། མི་ཚེ་བྱམས་བརྩེ་ལྡན་པའི་ངང་བསྐྱལ་ན་འཛམ་གླིང་ཞི་བདེ་ངོ་མ་དེ་ཡོང་གི་རེད་ཅེས། བཀའ་སྩལ་བ།
ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཝི་ཏི་ནམ་དང་སེང་ག་པོར། ཐེ་ལཎ་ཌི་དང་མ་ལེ་ཤེ་ཡ་སོགས་ཀྱི་དད་ལྡན་ཁག་ནས་གསོལ་འདེབས་ཞུས་པ་བཞིན།བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བ་དྲུག་བརྒྱ་ལྷག་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་མི་མང་སྟོང་ཕྲག་ཁ་ཤས་ལ། དབུ་མ་འཇུག་པ་རང་འགྲེལ་གྱི་བཀའ་ཆོས་སྤྱི་ཟླ་༩པའི་ཚེས་༥ནས་༦ཉི་མ་གཉིས་རིང་གནང་བཞིན་པའི་ཉིན་ཐ་མ་དེར། མགོན་པོ་གང་ཉིད་ཀྱིས་དབུ་མ་འཇུག་པ་དང་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་བཀའ་ཆོས་སྩལ་སྐབས།འཛམ་གླིང་ཞི་བདེ་ནི་ཁྲིམས་ཀྱི་ཐོག་ནས་བཟོ་མི་ཐུབ་པར། སེམས་བཟང་པོ་དང་མི་ཚེ་བྱམས་བརྩེ་ལྡན་པའི་ངང་བསྐྱལ་ན་འཛམ་གླིང་ཞི་བདེ་ངོ་མ་དེ་ཡོང་གི་རེད་ཅེས་བཀའ་སྩལ་ཡོད་པ།
གཞན་ཡང་༸གོང་ས་མཆོག་གིས་སྟོང་ཉིད་ཀྱི་ལྟ་བ་ནི་སངས་རྒྱས་པའི་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་ནའང་། ཆོས་ཁས་མི་ལེན་པ་ཚོ་དང་འཇིག་རྟེན་བཀོད་པ་བོ་འདོད་མཁན་ཚོས་ཀྱང་ཆོས་རྣམས་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཐོག་བསམ་བློ་འཁོར་ཐུབ་ན། ཨ་འཐས་ཀྱི་འཛིན་པ་དང་ཆགས་སྡང་ཆུང་དུ་འགྲོ་བར་ཕན་ཐོགས་ཡོད་པ་བཀའ་གནང་གི་འདུག
གསུང་ཆོས་ཞུ་མཁན་གྱི་ཁྲོད་དམར་ཤོག་ཝི་ཏི་ནམ་རྒྱལ་ཁབ་ནས་ཡིན་པ་ལ་ཐི་ཧྭ་ལགས་ནས། མོ་རང་དགའ་དད་ཀྱིས་སེམས་འགུལ་ཐེབས་ཏེ་རང་དབང་མེད་པར་ངུས་ཤོར་བ་སོགས་འགྲེལ་བརྗོད་གནང་གི་འདུག ༸གོང་ས་མཆོག་ལ་མཇལ་རྒྱུ་བྱུང་བ་དང་། ཁོང་གི་རྩ་ནས་གསུང་ཆོས་ཞུ་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་བོ་བྱུང་བ་མ་ཟད། བསོད་ནམས་ཆེན་པོར་ཚོར་གྱི་ཡོད།༸གོང་ས་མཆོག་ཐག་རིང་ནས་མཐོང་མ་ཐག་ང་ཚོ་དགའ་ཚོར་གྱིས་རང་དབང་མེད་པར་ངུས་ཤོར་གྱི་འདུག། ཁོང་གི་བཀའ་ཆོས་ཁག་གིས་ང་ཚོ་ཉི་མ་རེ་རེར་སེམས་སྐྱིད་པོ་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་དང་། དེ་བཞིན་ཡང་ཝི་ཏི་ནམ་ནས་ཡིན་པ་ཝི་ཐོའོ་ལགས་ནས། མོ་རང་ཡུན་རིང་དཀའ་ལས་བརྒྱབས་ནས་གསུང་ཆོས་ལ་བཅར་ཐུབ་པ་དང་། འབྱུང་འགྱུར་ཡང་ཡང་བཅར་འདུན་ཡོད་པ་འགྲེལ་བརྗོད་གནང་གི་འདུག ལོ་ངོ་བཅུ་དྲུག་གི་ཡར་སྔོན་དུ་ང་རང་ལོ་ན་གཞོན་དུས་རྡ་རམ་ས་ལར་སླེབས་ཏེ། ༸གོང་ས་མཆོག་གི་གསུང་ཆོས་ལ་ཉན་རྒྱུ་བྱུང་ཞིང་། དེ་ནས་བཟུང་བསྐྱར་དུ་གསུང་ཆོས་ཞུ་རུ་ཡོང་འདུན་གྱིས་དཀའ་ལས་ཐེངས་མང་བརྒྱབས་པ་བརྒྱུད། ད་ལན་གསུང་ཆོས་ལ་བཅར་ཐུབ་པ་དང་གསུང་ཆོས་ལ་ཉན་བཞིན་དུ་སོ་སོ་སེམས་འགུལ་ཚད་མེད་ཐེབས་ཏེ་ཡུན་རིང་ངུས་ཤོར་ནས་མིག་ཆུ་བཏང་བ་ཡིན་ལ། མ་འོངས་པར་བསྐྱར་དུ་གསུང་ཆོས་ལ་ཐེངས་མང་བཅར་རྒྱུའི་འདུན་པ་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
གཞན་ཡང་སིང་ག་པོར་ནས་ཡིན་པ་ཡོ་ཡུ་ཚའེ་ལགས་ནས་ཀྱང་། ཁོང་རང་གིས་༸གོང་ས་མཆོག་གི་བཀའ་བཞིན་སྙིང་རྗེའི་ཉམས་ལེན་གང་ཐུབ་ཅི་ཐུབ་ཀྱིས་གནང་འདུན་ཡོད་པ་འགྲེལ་བརྗོད་གནང་དོན།༸གོང་ས་མཆོག་གིས་ཨེ་ཤེ་ཡའི་མི་རིགས་ཚོར་དམིགས་པའི་གསུང་ཆོས་འདི་ཧ་ཅང་ཕན་ཐོགས་ཆེན་པོ་མཐོང་སོང་ལ། རྩ་བའི་ཁོང་གི་གསུངས་པའི་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་དགོས་པར་བཀའ་ཕེབས་སོང་བས། སྙིང་རྗེ་ནི་ཁྱི་དང་ཞི་མི་ཚུན་ཆད་ཀྱི་སེམས་ཅན་ཀུན་ལ་དམིགས་པ་ཞིག་ཡིན་པར་བརྟེན། ང་རང་གིས་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་དང་སོ་སོ་ཡར་རྒྱས་སུ་བཏང་འདོད་ཡོད་ཅེས་དང་། ཡང་སིང་ག་པོར་གྱི་མི་རིགས་ཆ་ཀོག་ཧེན་ལགས་ནས། ཕྲུག་གུ་ལོ་ཆུང་གི་སློབ་དེབ་ནང་དུ་༸གོང་ས་མཆོག་གི་བྱམས་བརྩེའི་བསླབ་བྱ་ཁག་བཅུག་གལ་ཆེན་དུ་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་སོང་། ང་རང་ཨེ་ཤེ་ཡའི་མི་རབས་གཞོན་པ་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གིས་གསུང་བའི་བྱམས་བརྩེའི་བསླབ་བྱ་དེ། ང་ཚོའི་མི་ཚེའི་ཆ་ཤས་ཤིག་དང་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་བཅུག་སྟེ། ང་རང་ཚོའི་འབྱུང་འགྱུར་གྱི་ཕྲུ་གུ་ལོ་ཆུང་ཆུང་ཚོར་བསླབ་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་སོང་། དེ་ནི་ཆོས་ལུགས་སློབ་ཁྲིད་བྱས་པའི་སྐད་ཆ་མིན་པར། མི་རབས་གསར་པ་ཚོ་མི་བཟང་པོ་དང་མི་ཚེའི་བདེ་སྐྱིད་ཡོང་ཐབས་ཆེད་རེད་བསམ་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་རིང་མིན་སྤྱི་ཟླ་༡༠པའི་ཚེས་༢ནས་༤བར་དུ། ཐེ་ཝན་གྱི་ཆོས་ཞུ་བ་ཚོར་དམིགས་ཏེ་རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཉམས་མགུར་དང་། དགེ་བཤེས་འཆད་ཀ་པའི་བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་བསྩལ་གཏན་ཁེལ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།