བོད་ལ་སངས་རྒྱས་པའི་ཆོས་ཧ་ཅང་སྤུས་དག་ཡོད་པ་དེར། བོད་རིགས་གཞོན་སྐྱེས་ཚོས་སློབ་སྦྱོང་དང་དོ་སྣང་ཡག་པོ་གནང་རོགས་ཞེས་བཀའ་སྩལ་བ།

2023.05.31
བོད་ལ་སངས་རྒྱས་པའི་ཆོས་ཧ་ཅང་སྤུས་དག་ཡོད་པ་དེར། བོད་རིགས་གཞོན་སྐྱེས་ཚོས་སློབ་སྦྱོང་དང་དོ་སྣང་ཡག་པོ་གནང་རོགས་ཞེས་བཀའ་སྩལ་བ། ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༣༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་བ།
Photo: RFA

བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་འཆར་ཅན་ལྟར་རྡ་རམ་ས་ལ་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་ཆུང་གིས་གསོལ་འདེབས་ཞུས་དོན་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉི་མ་གཉིས་རིང་། བོད་རིགས་གཞོན་སྐྱེས་དང་སློབ་ཕྲུག་གཙོས་པའི་ཕྱི་ནང་གི་མི་མང་སྟོང་ཕྲག་འགའ་ལ་ནང་ཆོས་ངོ་སྤྲོད་གནང་བཞིན་པའི་ཉིན་གཉིས་པ་སྟེ། སྤྱི་ཟླ་༥པའི་ཚེས་༣༡ཉིན། གཞོན་སྐྱེས་སློབ་ཕྲུག་ཚོར་སློབ་གཉེར་ལ་དོ་གལ་དང་ཤེས་རབ་འཕེལ་བ་སོགས་སུ་དམིགས་ཏེ་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཞུགས་ཕྱིར་དུ། རྗེ་བཙུན་འཇམ་དབྱངས་ཀྱི་རྗེས་གནང་བཀའ་ཆོས་ཕེབས་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་བོད་ལ་སངས་རྒྱས་ཀྱི་ཆོས་ཧ་ཅང་སྤུས་དག་ཡོད་པ་དེར། བོད་རིགས་གཞོན་སྐྱེས་ཚོས་སློབ་སྦྱོང་དང་དོ་སྣང་ཡག་པོ་གནང་རོགས་ཀྱི་སྐུལ་མ་གནང་གི་འདུག
གཞན་ཡང་༸གོང་ས་མཆོག་ནས་ཁོང་གིས་ལོ་མང་དགོངས་པ་བཞེས་ཏེ་དཔྱད་སྒོམ་དང་འཇོག་སྒོམ་ཟུང་འབྲེལ་གྱི་སྒོ་ནས་བློ་ཡར་རྒྱས་སུ་ཕྱིན་པས། ད་ལྟ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་གང་འཚམས་གདེང་ཚོད་སླེབས་པ་ཞིག་ཆགས་ཡོད་ཅེས་ལམ་སྟོན་ཕེབས་སོང་།

ན་གཞོན་སློབ་ཕྲུག་ཚོར་དམིགས་ཏེ་རྗེ་བཙུན་འཇམ་དབྱངས་ཀྱི་རྗེས་གནང་སྩལ་པ་དེས། ནམ་རྒྱུན་སློབ་གྲྭའི་ནང་དུ་རྗེ་བཙུན་འཇམ་དབྱངས་ཀྱི་བསྟོད་པ་ཞལ་འདོན་གནང་བཞིན་པའི་སྟབས་ཀྱིས། དམིགས་བསལ་གྱི་ཚོར་བ་ཞིག་བྱུང་བ་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བུ་འཁྲིད་ལགས་ནས་འགྲེལ་བརྗོད་གནང་གི་འདུག ཡང་རྡ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་བསྟན་འཛིན་ཨོ་རྒྱན་ལགས་ནས། ༸གོང་ས་མཆོག་ནས་བཀའ་ཕེབས་བཞིན་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཡོང་བར། བོད་ཀྱི་སྐད་ཡིག་དང་རིག་གཞུང་བསྐྱར་གསོ་ཁྱབ་སྤེལ་བྱ་གལ་ཆེན་པོ་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཉི་མ་གཉིས་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་སློབ་ཕྲུག་༡༣༠༠ལྷག་གཙོར་བཟུང་གིས་ནང་ཆོས་ངོ་སྤྲོད་དེར། ༸གོང་ས་མཆོག་གིས་སེམས་བསྐྱེད་དང་སྐྱབས་འགྲོ། རྗེ་བཙུན་འཇམ་དབྱངས་ཀྱི་རྗེས་གནང་སོགས་དང་འབྲེལ་ཏེ་ནང་ཆོས་ངོ་སྤྲོད་སྩལ་ཡོད་ཅིང་། སྤྱི་ཟླ་༦པའི་ཚེས་༤ཟ་ག་ཟླ་བའི་ཚེས་༡༥ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་གིས་བློ་སྦྱོང་ཚིགས་བརྒྱད་མ་དང་སེམས་བསྐྱེད་ཀྱི་བཀའ་ཆོས་བསྩལ་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎