༧སྐུའི་དགུང་ཀེག་ལ་བོད་གཞུང་མང་ཡོངས་ནས་བརྟན་བཞུགས་འབུལ་རྒྱུ།
2019.03.18
ས་ཕག་གི་ལོ་འདི་ནི་༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ཀེག་ཡིན་པར་བརྟེན་ཆོལ་གསུམ་ཆོས་བརྒྱུད་ཚང་མས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་ཡིན་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་བཀའ་དྲུང་ཡིག་ཚང་ནས་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་པ་དེའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་གསུམ་བོད་མི་ཡོངས་རྫོགས་ཀྱི་ངོ་བོ་མཚོན་པའི་བརྟན་ཞུགས་བསྟར་འབུལ་ཞུ་དགོས་གལ་ཆེ་བ་ནི་འདི་ལོའི་ལོ་གསར་གྱི་ཚེས་བཅུའི་གཟབ་གསོལ་སྐབས་གཞུང་བསྟེན་སྲུང་བ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་ཕེབས་པ་ཞིག་ཡིན་པ་གསུངས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་དོན་བརྟན་ཞུགས་འདེགས་འབུལ་ཆོག་པའི་གསོལ་འདེབས་སྙན་སེང་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བཞེས་གཟབ་མོ་ཕེབས་ཤིང་། ༢༠༡༩ ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་ཐུགས་གཏན་འཁེལ་འདུག་ཅིང་། བཀའ་ཤག་གི་དྲུང་ཆེ་སྟོབས་རྒྱལ་ལགས་ཀྱིས། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་སེར་སྐྱ་ཕོ་མོ་ཡོངས་རྫོགས་བརྟན་ཞུགས་འདིའི་ཆ་ཤས་བཞེས་དགོས་པ་དང་། དེའི་མཚོན་དོན་དུ་རང་རང་སོ་སོའི་ངོས་ནས་གནས་ཡུལ་ལུང་པའི་སྒོར་མོ་ ༥ དང་ པད་ ༢༥ རེའི་ཞལ་འདེབས་འབུལ་གནང་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད
གཞན་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། གནས་ཆུང་གི་བཀའ་ལུང་ཕེབས་དོན་གཙོ་བོ་ཞིག་ནི། བླ་མ་དང་སློབ་མའི་དབར་དམ་ཚིག་གཙང་མ་དགོས་པ་དང་། འགོ་ཁྲིད་དང་མི་མང་དབར་མཐུན་སྒྲིལ་ཡག་པོ་ཡོང་དགོས་པ་དེ་ཡིན་སྟབས། ང་ཚོ་གཞུང་མང་གཉིས་ཀྱིས་ཆོལ་ཁ་ཆོས་བརྒྱུད་ཡོངས་ནས་གཙོ་བོ་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་གནས་དགོས་པའི་སྨོན་ལམ་བརྒྱབ་་པའི་ཐོག། དུས་རྒྱུན་ཁོང་གི་བཀའ་སློབ་ཁག་ཡིད་ལ་བཅངས་ཏེ། ལག་བསྟར་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པ་གསུངས་འདུག
བརྟན་བཞུགས་དེར་ཞལ་འདེབས་འབུལ་ཕྱོགས་ནི་རང་ཉིད་གནས་ཡུལ་ས་གནས་འགོ་འཛིན་ལས་ཁུངས་དང་། སྐུ་ཚབ་དོན་གཅོད་གང་རུང་བརྒྱུད་སྤྱི་ཟླ་༥པའི་ཚེས་༡གོང་ཚུད་ཆོས་རིག་ལས་ཁུངས་སུ་འབུལ་ཟིན་པ་དགོས་ཀྱི་ཡོད་འདུག