འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་ནས་འཐུས་ཤོར།
2016.03.23
༧གོང་ས་མཆོག་གིས་དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་ལ་ཡ་རབས་བཟང་སྤྱོད་ཟེར་བ་དེ་ཁ་ནས་བཤད་པ་ཙམ་ལས་ལག་ལེན་ངོ་མའི་ཐོག་ཚད་དམའ་རུ་འགྲོ་བཞིན་འདུག་ཅེས་བཀའ་སྩལ་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་༢༣ཉིན། བོད་ཀྱི་བླ་ན་མེད་པའིདབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར། དེ་སྔ་ཕྱི་ལོ་༡༩༡༦ལོར་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་བརྒྱ་འཁོར་བ་དང་། ༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་༧ཞབས་སོར་འཁོད་ནས་རིང་པོར་མ་ཐོགས་པར་ཕྱི་ལོ་༡༩༦༡ཟླ་༣ཚེས་༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་༥༥འཁོར་བ། དེ་བཞིན་༧རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་བསྐྱངས་ནས་ལོ་༣༢༠འཁོར་བའི་དུས་དྲན་གསུམ་འཛོམས་ཀྱི་རྟེན་འབྲེལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་བསྐྱངས་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས། བོད་མི་རྣམས་ཐོག་མར་བཙན་བྱོལ་དུ་སླེབས་ནས་གནས་སྟངས་ཆེས་གཉན་འཕྲང་ཆེ་བའི་སྐབས་དེར་ཚང་མས་བསམ་པ་རྣམ་དག་དང་ངོ་ལྐོག་རྒྱབ་མདུན་མེད་པ་དང་། དེ་བཞིན་རྒྱུ་འབྲས་སྤངས་མེད་ཀྱིས་དཀའ་ལས་བརྒྱབ་སྟབས། འདས་པའི་ལོ་ངོ་ལྔ་བཅུ་དེའི་ནང་གྲུབ་འབྲས་གང་ཙམ་ཐོན་པའི་ཁོངས་ནས། བོད་ཀྱི་སྨན་རྩིས་ཁང་འདི་བཞིན་ཆ་ཤས་ཤིག་ཡིན་པ་དང་། ཁྱད་པར་དུ་༧གང་ཉིད་མཆོག་གིས་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཐུན་མོང་མ་ཡིན་པའི་རིན་ཐང་ཁག་ངོ་སྤྲོད་གནང་པ་དང་འབྲེལ། དེ་སྔའི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གསོ་རིག་སྨན་པ་འདྲ་མིན་གདན་ཞུས་ཀྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ལྟ་བུ་ཚོགས་ཐུབ་ཡོད་པ་ལུང་འདྲེན་གནང་སྟེ། དེང་སྐབས་འགྲིམ་འགྲུལ་དང་ཚན་རིག་ཡར་རྒྱས་ཕྱིན་པའི་དུས་སྐབས་འདིར། བོད་པའི་སྨན་པ་ཚོས་སྲོལ་རྒྱུན་གྱི་གསོ་རིག་གཞུང་ལ་ཆོག་ཤེས་བྱས་ནས་མ་བསྡད་པར། དེང་དུས་ཀྱི་ཚན་རིག་ཐོག་ཡར་རྒྱས་ཕྱིན་པའི་གསོ་བ་རིག་པ་དང་ལྷན་དུ་ཟུངས་སྦྲེལ་གྱིས་ཡར་རྒྱས་ཀྱི་ལམ་ནས་ཕན་ཐོགས་པ་ཞིག་དགོས་ཀྱི་རེད་ཅེས་བཀའ་སྩལ་སོང་། ལྷག་པར་དུ་བོད་ཀྱི་སྨན་རྩིས་ཁང་ནས་ད་བར་ཕྱག་ལས་གནང་པའི་གྲུབ་འབྲས་ལེགས་པོ་བྱུང་ཡོད་ཀྱང་། ད་དུང་བོད་མིའི་གཞིས་ཆགས་ཁག་ལ་ནད་པ་མང་པོ་ཡོད་པ་དང་། སྔོན་འགོག་བྱ་རྒྱུའི་ཐད་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་གཉིས་ནས་འཐུས་ཤོར་ཕྱིན་བསྡད་པའི་བཟོ་འདྲ་བོ་འདུག་ཅེས་བཀའ་སྩལ་གནང་པ་དང་ཆབས་ཅིག ང་ཚོས་མདུན་ལ་རྒྱས་རྒྱས་སྤྲོས་སྤྲོས་དང་འདྲ་ཆགས་པོ་བྱས་རྒྱབ་ལ་འཐུས་ཤོར་ཕྱིན་པ་ཡིན་ན། དེ་ནི་གཟི་བརྗིད་ཁོག་སྟོང་རེད། ང་ཚོ་འདྲ་ཆགས་པོའི་ཐོག་ནས་འགྲོ་རྒྱུ་མི་འདུག ཁ་ཡོད་ལག་ཡོད་ཐོག་ནས་འགྲོ་དགོས་འདུག ང་ནི་ཉི་མ་ལ་བརྒལ་གྱི་མཚམས་ལ་སླེབས་ཡོད་རེད། ད་ལོ་བཅུ་བཅོ་ལྔ་བསྡད་ཀྱི་ཡོད་འགྲོ། དེ་ནས་ཤི་འགྲོ་ཡི་རེད། ད་ལྟ་ཁྱེད་རང་ཚོའི་སྒང་ལ་འགན་ཡོད་པ་རེད། གཟབ་གཟབ་བྱེད་ན་མ་གཏོགས་ད་ལྟ་བར་དུ་ཁུངས་འཁྱོལ་ཙམ་འཁྱོལ་ཙམ་བྱུང་སོང་། ད་དུང་འདི་ལྟར་ཁུངས་འཁྱོལ་གྱི་རེད་བསམ་ན་ནོར་འཁྲུལ་རེད། ང་རང་ཚོའི་སྤྱི་ཚོགས་ནང་ཁ་ནས་ཡ་རབས་སྤྱོད་བཟང་ཟེར་བ་མ་གཏོགས་ལག་ལེན་ཐོག་ནས་ཚད་ཏོག་ཙམ་དམའ་རུ་འགྲོ་བཞིན་པ་འདྲ་བོ་འདུག དེ་ཚོའི་གྲས་ལ་གཟབ་གཟབ་བྱོས། འཐུས་ཤོར་ག་བར་ཕྱིན་འདུག་དེའི་རིགས་ལ་ཞིབ་འཇུག་བྱོས། ཨམ་ཅོག་འོན་པ་ལྟ་བུར་མ་བསྡད་པར་གནས་ཚུལ་མང་ཙམ་ཤེས་བ་གྱིས་ཅེས་བཀའ་སྩལ་ནན་མོ་བསྩལ་ཡོད་པ་རེད།
༧གོང་ས་མཆོག་དབུ་བཞུགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་ལ་ཧི་མཱ་ཅལ་ནགས་ཚལ་བློན་ཆེན་སྐུ་ཞབས་Thakur Singh Bharmouri(ཐཱ་ཀུར་སིངྒ་བྷར་མོ་རི་)མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་ཚེའི་རིག་འབྱེད་Ayurvedaཀྱི་བློན་ཆེན་སྐུ་ཞབས་ Karan Singh(ཀ་རན་སིངྒ་)མཆོག ཧི་མཱ་ཅལ་མངའ་སྡེའི་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་Ravi Thakur (ར་ཝི་ཐཱ་ཀུར་)མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན། རྡ་ས་ཁུལ་གྱི་ཆོས་སྡེ་ཁག་གི་དགེ་འདུན་པ། སེར་སྐྱ་མི་མང་བཅས་ཁྱོན་བསྡོམས་མི་གྲངས་སྟོང་ཕྲག་བརྒལ་བས་མཉམ་ཞུགས་གནང་འདུག
གསར་འགོད་པ་ངག་ཆོས་དང་ཀླུ་འབུམ།