ནང་སེམས་ཀྱི་ཞི་བདེ་ནི་ལུས་བདེ་བྱེད་ཀྱི་འཕྲོད་བསྟེན་གཙོ་བོ་ཡིན། ༧གོང་ས་མཆོག་གིས།


2020.07.09
དུས་བབ་(Time)་དྲ་ཐོག་ལས་རིམ་གྱི་མདུན་ངོས། དུས་བབ་(Time)་དྲ་ཐོག་ལས་རིམ་གྱི་མདུན་ངོས།
དྲ་བཤུས། /Time

ནང་སེམས་ཀྱི་ཞི་བདེ་བསྐྲུན་པ་ནི་ལུས་བདེ་བྱེད་ཀྱི་འཕྲོད་བསྟེན་གཙོ་བོ་ཡིན་པ་༧གོང་ས་མཆོག་གིས་ཨ་མི་རི་ཀའི་ནང་གི་དུས་བབ་(Time)་གསར་ལས་ཁང་གི་དྲ་ཐོག་ལས་རིམ་སྐབས་བཀའ་སྩལ་སོང་།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་སེམས་ཀྱི་ཞི་བདེ་སྐྲུན་པ་ནི། ལུས་བདེ་བར་བྱེད་པའི་འཕྲོད་བསྟེན་གཙོ་བོ་ཡིན་པ་འདི་ཚེས་༩་ཉིན་ཨ་མི་རི་ཀའི་ནང་གི་དུས་བབ་(Time)་གསར་ལས་ཁང་གི་དྲ་ཐོག་གི་ལས་རིམ་ཞིག་གི་ཐོག་བཀའ་བསྩལ་གནང་སོང་།
དུས་བབ་(Time)་ཀྱི་ཤར་ཨེ་ཤེ་ཡའི་གསར་དགོད་པ་སྐུ་ཞབས་(Charlie Campbell)་ལགས་ཀྱིས་གཙོ་སྐྱོང་འོག་ད་ལྟའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དང་འབྲེལ་བའི་ཐད་གླེང་སྐབས། ༧གོང་ས་མཆོག་གིས་ད་ལྟ་འཛམ་གླིང་ནང་ཏོག་དབྱིམས་ནད་ཡམས་གནས་སྟངས་ཁྲོད་འཇིགས་སྣང་དངངས་སྐྲག་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། གཙོ་བོ་ཚང་མའི་སེམས་ཞི་བདེར་གནས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་བ་དང་། ད་ལྟ་ཏོག་དབྱིབས་ནད་ཡམས་ཁྲོད་འཛམ་གླིང་ཡོངས་ཀྱི་སྨན་པ་དང་། སྨན་ཞབས་པ་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ་མིའི་སྲོག་སྐྱོབ་བཞིན་པར་བསྔགས་བརྗོད་ཞུས་གནང་བ་དང་། གནས་སྟངས་ཅི་ཞིག་ཡིན་རུང་དེར་བརྟག་དཔྱད་བྱས་ཏེ། སེལ་ཐབས་ཡོད་པ་ཡིན་ན་དེའི་ཐོག་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། སེལ་ཐབས་མེད་པ་ཡིན་ན་དེའི་ཐོག་བསམ་བློ་བཏང་བ་ཡིན་ན་ཆུ་ཚོད་འཕྲོ་བརླག་ཡིན་པས་སེམས་ཞི་བར་གནས་པའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་གནང་སོང་།
དེ་བཞིན་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་གྲས་ཀྱི་འགྲོ་བ་མི་གཅིག་གྱུར་ཡིན་པའི་བློ་དང་བྱམས་བརྩེ་བསམ་བློ་གོང་འཕེལ་གཏོང་རྒྱུའི་ཐད། ཀླད་པ་དང་བྱམས་སྙིང་རྗེ་མཉམ་འབྲེལ་གྱིས་གཞན་ལ་ཕན་པ་བསྒྲུབ་དགོས་པ་དང་། དེ་ཡང་བཀའ་ངལ་གང་འདྲ་ཞིག་སེལ་བར་བྱེད་པ་ལ་སྐྱེ་འགྲོ་ཀུན་གཅིག་གིས་གཅིག་ལ་བརྟེན་དགོས་པ་ཡིན་པས། འཕྲུལ་ཆས་དང་མཚོན་ཆ་སོགས་ལས་འཛམ་གླིང་གི་རང་བྱུང་ཁོར་ཡུག་ལ་གཅེས་སྐྱོང་བྱེད་དགོས་གལ་ཆེན་པོ་ཡིན་ལུགས་བཀའ་སྩལ་གནང་སོང་།
དེ་བཞིན་གསར་དགོད་པ་(Campbell)་ལགས་ཀྱིས། ད་ལྟ་རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་ཡོང་བཞིན་པའི་གནད་དོན་དང་འབྲེལ་བའི་ཐད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་རྒྱ་གར་དང་རྒྱ་ནག་གཉིས་ནི། འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཡིན་སྟབས། ས་མཚམས་སུ་དཔུང་དམག་འགྲེམས་རྒྱུའི་ཆེད་དཔལ་འབྱོར་གྱི་འགྲོ་གྲོན་གཏོང་བ་ལས་དགེ་མཚན་ལྡན་པའི་གནད་དོན་གཞན་ལ་དོ་སྣང་གནང་དགོས་པ་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་གནང་དགོས་པ་བཀའ་སྩལ་སོང་།
ད་རེས་དུས་བབ་(Time)་དྲ་ཐོག་གི་ལས་རིམ་དེའི་ཐོག དམིགས་བསལ་ད་བར་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། ཆབ་སྲིད་པ། སྒྱུ་རྩལ་བ། འཐབ་རྩོད་པ། རྩལ་འགྲན་པ་བཅས་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་མཁན་གྱི་མི་སྣ་སྐད་གྲགས་ཅན་མང་པོ་གདན་ཞུ་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎