༧གོང་ས་མཆོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོཊ་ལ་མཉམ་ཞུཊ་གནང་རྒྱུ།
2017.03.03

ཎ་ལན་ཌ་Nalanda་རུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༧དཔལ་རྒྱལ་དབང་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག དེ་བཞིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆཌ་གྷིཧར་བཅས་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།
དེ་ཡང་སྤྱི་ཟླ་༣་ཚེས་༡༧་ཉིན་འགོ་འཛུགས་གནང་རྒྱུའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེ་ཐོག་ཐའེ་ལན་ཌི། ཤི་རི་ལངྒ། ལའོ་སི། ཁམ་པུ་ཊི་ཡ། ཝེ་ཐི་ནམ། མཱ་ཡན་མར། སོག་པོ། ལྷོ་ཀོ་རི་ཡ། ཨུ་རུ་སུ་བཅས་རྒྱལ་ཁབ་འདྲ་མིན་༣༠ཙམ་ནས་ནང་པའི་དབུ་ལྷ་ཚོ་ཕེབས་རྒྱུ་ཡིན་པའི་སྐོར་ཕྱི་ཚེས་༣ཉིན་རྒྱ་གར་གྱི་ཧིན་རྡུསི་ཐན་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་ཅིང་། རྒྱ་གར་གྱི་བྷི་ཧར་མངའ་སྡེའི་ནང་ཆགས་པའི་དཔལ་ཎ་ལན་ཌའི་ཉིན་གསུམ་གྱི་ནང་པའི་ལྷན་ཚོགས་དེ་རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་གནང་གི་ཡོད་པ་རེད། ད་ཐེངས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེའི་ཐོག་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འཛམ་གླིང་ཐོག་འཕྲད་བཞིན་པའི་དཀའ་ངལ་དང་འགག་རྩ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་བུད་མེད་ཀྱི་གནད་དོན་བཅས་ཀྱི་སྐོར་ནང་པའི་ལྟ་གྲུབ་དང་ཐབས་ལམ་སོགས་ཀྱི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་རེད།
ནང་པའི་མཁས་དབང་ཚོས་ནང་པའི་ལྟ་གྲུབ་ཀྱི་ཐོག་ནས་དཔལ་འབྱོར་ཡར་རྒྱས་དང་མཉམ་དུ་རང་འབྱུང་ཁམས་དང་ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་ཡོང་ཐབས་ཀྱི་སྐོར་ཡང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།
ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་གིས་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་གནང་རྒྱུ་དང་། རྒྱ་གར་གྱི་སྲིད་འཛིན་པར་ནའ་མུར་ཁིལ་ཇིལ་Pranab Mukherjee་མཆོག་གིས་ལྷན་ཚོགས་ཀྱི་མཇུག་བསྡོམས་གསུང་བཤད་གནང་གི་ཡོད་པ་རེད་།
དཔལ་ཎ་ལན་ཌའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་སུ་ནི་ཀུ་མ་ལགས་ཀྱིས་ད་རེས་ཀྱི་ལྷན་ཚོགས་སྐབས་པ་ལིའི་སྐད་ཐོག་ཡོད་པའི་ལུང་སྡེ་སྣོད་གསུམ་གྱི་པུ་ཏི་༤༠་ལོ་བཅུ་ཕྲག་༦རྗེས་སུ་སླར་ཡང་པར་སྐྲུན་གནང་སྟེ་འགྲེམ་སྤེལ་གནང་རྒྱུ་ཡིན་པ་མ་ཟད། རྒྱ་གར་ཧིན་རྡུ་སྐད་ཡིག་ཐོག་བསྒྱུར་ཟིན་པ་སྡེ་སྣོད་གསུམ་དེ་མགྱོགས་མྱུར་པར་བསྐྲུན་བྱ་རྒྱུར་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གིས་བཀའ་འཁྲོལ་ཐོབ་ཟིན་ལུགས་གསུངས་འདུག
དེ་སྔོན་སྤྱི་ལོ་༢༠༡༣ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེའི་ཐོག་གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་བསྩལ་གནང་ཡོད་པའི་ནང་། སྤྱིར་བཏང་ནང་པའི་ཆོས་དེ་སྔ་དར་མྱོང་མེད་པའི་ཡུལ་གྲུ་མང་པོའི་ནང་དེང་སྐབས་དོ་སྣང་ཆེ་རུ་ཕྱིན་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དུའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་མཚམས་རེར་ང་ཚོ་ནང་པ་ཡིན་ཞེས་བརྗོད་མཁན་ཚོའི་སྤུས་ཚད་ཇེ་ཞན་དུ་འགྲོ་གི་ཡོད་པ་ལྟ་བུ་འདུག དེ་སྔ་ངོས་ཀྱིས་ལྡི་ལིར་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་བཤད་ཡོད། ད་ཐེངས་བསྐྱར་དུ་ནན་བརྗོད་ཞུ་རྒྱུ་ཞིག་ལ། ང་ཚོ་སངས་རྒྱས་པའི་ཆོས་ཀྱི་དགེ་རྒན་ཡིན་ཞེས་བརྗོད་མཁན་ཚོ་གནས་ཚུལ་མང་པོ་ཞིག་གི་ནང་། ཉིན་རེའི་བྱེད་སྟངས་མི་དཀྱུས་མ་ཞིག་གི་བྱེད་སྟངས་དང་འདྲ་བ་མ་ཟད། སྡུག་ས་ནས་བརྗོད་ན་སྐབས་རེ་མི་དཀྱུས་མ་དྲང་པོ་ཞིག་གི་བྱེད་སྟངས་ལས་ཐབས་སྐྱོ་བ་དེ་འདྲ་བྱེད་ཀྱི་འདུག དེའི་ཐོག་ང་ཚོས་བསམ་བློ་ནན་ཏན་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས་ཡོད་འདུགརྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནི། ནང་པའི་རྒྱལ་ཁབ་ཚང་མ་མཉམ་རུབ་ཐོག་ནང་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། འཛམ་གླིང་གི་ཆོས་ལུགས་གཞན་དང་འབྲེལ་ལམ་གོང་མཐོར་གཏོང་རྒྱུ། འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་བཅས་ལ་དམིགས་པ་ཞིག་ཡིན་འདུག།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།