བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད་འདུག
2014.06.17
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ནས་ལ་དྭགས་སུ་ཞབས་སོར་འདུག
དེ་ཡང་དེ་རིང་སྤྱི་ཟླ་༦ཚེས་༡༧ ཉིན་༧གོང་ས་མཆོག་ལ་དྭགས་ཀུ་ལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས་གཙོས་ལ་དྭགས་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་དང་། བརྩེ་སྤྲུལ་རིན་པོ་ཆེ་མཆོག མངའ་སྡེའི་བློན་ཆེན་རིག་འཛིན་མཛོ་རྭ་ལགས། ས་གནས་ཀྱི་གནད་ཡོད་མི་སྣ། དེ་བཞིན་ལ་དྭགས་ནང་པའི་ཆོས་ཚོགས་དང་། ལ་དྭགས་རིག་གཞུང་ཡར་རྒྱས་ཚོགས་པའི་ཚོགས་གཙོ། ལ་སྤྱི། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སོགས་ཀྱི་དབུས་ཚོགས་མི་རྣམ་པ། དེ་བཞིན་ས་གནས་ཀྱི་མཁན་བླ་སྤྲུལ་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་འདུག དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༦ཚེས་༢༣ ནས་ ༢༥ བར་ཟངས་དཀར་དཔའ་འདུམ་རུ་ཆིབས་བསྒྱུར་གྱིས་དད་ལྡན་མང་ཚོགས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་མཛད་རྒྱུ་ཡིན་འདུག དེ་ནས་ཕྱི་ཟླ་ ༧ ཚེས་ ༡ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ཚོུད་གཉིས་ཙམ་གྱི་སར་ཆགས་པའི་ནང་པའི་དགོན་པ་རྙིང་གྲས་ཀླུ་འཁྱིལ་དགོན་པར་ཤེས་རབས་སྙིང་པོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། དེ་གྲུབ་མཚམས་ལ་དྭགས་རྒྱལ་ས་སླེའི་ཉེ་འགྲམ་དུ་ཆགས་པའི་ཕོ་བྲང་ཞི་བའི་ཚལ་རུ་ཞབས་སོར་གྱིས་ཕྱི་ཟླ་ ༧ ཚེས་ ༣ ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྔོན་འགྲོ་ས་ཆོག་དབུ་འཛུགས་གནང་རྒྱུ་ཡིན་འདུག རྣམ་རྒྱལ་གྲྭ་ཚང་གི་ཕྱོགས་གྲྭ་དགེ་འདུན་པ་རྣམས་ནས་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་པའི་རིང་སྟེ་ཕྱི་ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་སྤྲིངས་ཀྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་དང་། དེ་ནས་ཕྱི་ཚེས་ ༩ ཉིན་མཆོད་གར་དང་འབྲེལ་བའི་ཐོག་ནས་དཀྱིལ་འཁོར་རྒྱས་ཆོག་དང་། ཕྱི་ཚེས་ ༡༠ དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྟ་གོན་དང་དབང་དངོས་གཞི་བཅས་རིམ་པས་སྩལ་གནང་མཛད་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༡༣ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་ཚེ་དབང་སྩལ་གནང་མཛད་རྒྱུ་ཡིན་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།