༧གོང་ས་མཆོག་མི་རིང་བར་ཡོ་རོབ་ནང་ཆིབས་བསྒྱུར་གནང་རྒྱུ།
2016.09.27

༧གོང་ས་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བར་གསུངས་ཆོས་གནང་རྗེས་ཡོ་རོབ་ཀྱི་ཡུལ་གྲུ་ཁག་གཅིག་ནང་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༠་བའི་ཚེས་ཤར་ནང་ཐེ་ཝན་ནས་ཆེད་བཅར་དད་ལྡན་པ་གཙོ་བོར་གྱུར་བ་རྣམས་ལ་བཞུགས་སྒར་རྡ་རམ་ས་ལར་གསུང་ཆོས་དང་། དེའི་རྗེས་ཡོ་རོབ་ཀྱི་ཡུལ་གྲུ་ལཏ་ཝི་ཡ་དང་སུད་ཛར་ལེནཌ། ཨི་ཊ་ལི་བཅས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག།
འདས་པའི་ལོ་མང་རིང་ཐེ་ཝན་ནས་དད་ལྡན་ཆོས་ཞུ་བ་མང་དག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་མདུན་ནས་གསུང་ཆོས་ཞུ་བཞིན་པ་ལྟར། འདི་ལོའི་ཕྱི་ཟླ་༡༠་ཚེས་༣་ནས་༦་བར་ཉིན་གྲངས་བཞིའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་ཆོས་ཞུ་བ་རྣམས་ལ་སློབ་དཔོན་ཞི་བ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་རྒྱུ་ཡིན་འདུག།
དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཁུལ་དུ་ཆིབས་བསྒྱུར་གྱིས་ཕྱི་ཟླ་ ༡༠ ཚེས་༡༠་དང་༡༡་ཉིན་གྲངས་གཉིས་རིང་། ལཏ་ཝི་ཡའི་ཡུལ་གྲུའི་རྒྱལ་ས་རི་གྷའི་ནང་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་སྒོ་ནས་གསུང་ཆོས་སྩལ་རྒྱུ་ཡིན་འདུག། འདི་ནི་ཨུ་རུ་སུའི་རྒྱལ་ས་མོསི་ཀོའི་ནང་ཡོད་པའི་བོད་ཀྱི་ཐེབས་རྩ་ཁང་དང་། ལཏ་ཝི་ཡའི་རྒྱལ་ས་རི་གྷའི་ནང་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་གཅེས་སྐྱོང་ཁང་གཉིས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག།
དེ་རྗེས་སུད་ཛར་ལེན་ཊིར་ཞབས་སོར་འཁོད་གནང་གིས་སུད་སི་བོད་རིགས་མི་དམངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་༡༠་ཚེས་༡༤་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་མ་རིན་ཆེན་ཕྲེང་བ་དང་། སྒོམས་རིམ་བར་པ། རྒྱལ་སྲས་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་རྒྱུ་དང་། སུད་སི་བོད་རིགས་མི་དམངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག།
དེ་ནས་ཕྱི་ཟླ་༡༠་ཚེས་༢༡་དང་༢༡་བཅས་ཉིན་གྲངས་གཉིས་རིང་ཡོ་རོབ་ཡུལ་གྲུ་ཨི་ཊ་ལིའི་གྲོང་ཁྱེར་མི་ལཱན་ནང་ཡོད་པའི་དགེ་འཕེལ་གླིང་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྗེ་རིན་པོ་ཆེས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་སྒོ་ནས་གསུང་ཆོས་དང་སྤྱན་རས་གཟིགས་ཀྱི་དབང་ཆེན་བཅས་སྩལ་རྒྱུ་ཡིན་ཞིང་། ཕྱི་ཚེས་༢༢་ཉིན་བདེ་སྐྱིད་ངོ་མའི་འབྱུང་ཁུངས་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།