ཨ་རིར་ཆིབས་བསྒྱུར་མཛད་རྒྱུ།
2013.05.03
༄༅། །ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་ Maryland མེ་རི་ལེནྜ་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་མེ་རི་ལེནྜ་གཙུག་ལག་སློབ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་༧ཉིན་ཁུལ་དེར་ཆིབས་བསྒྱུར་གནང་གི་ཡོད་པ་རེད། མཛད་འཆར་སྔོན་སྒྲིག་གནང་བ་གཞིར་བཟུང་བྱས་ན། གཙུག་ལག་སློབ་ཁང་དེའི་གོ་སྒྲིག་འོག ཕྱི་ཚེས་༧ཉིན་གྱི་སྔ་དྲོ་ཕྱག་ཚོད་༡༠ཐོག་༧གོང་ས་མཆོག་ནས་བྱམས་བརྩེའི་བརྒྱུད་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་དགེ་ལས་སློབ་ཕྲུག་དང་མི་མང་བཅས་ལ་ལམ་སྟོན་བཀའ་སློབ་གནང་གི་ཡོད་པ་རེད། Maryland གཙུག་ལག་སློབ་ཁང་གི་ཚོགས་གཙོ་Wallace D. Lohལགས་ནས་ད་རེས་ཀྱི་༧གོང་ས་མཆོག་གི་བཀའ་སློབ་ཀྱི་ཕྱག་འཁྱེར་ཆ་ཚང་རྫོགས་ཟིན་ཡང་། ཉིན་དེའི་བཀའ་སློབ་ཀྱི་ལས་རིམ་ཁག་གཙུག་ལག་སློབ་ཁང་གི་དྲ་གནས་ www.umd.edu བརྒྱུད་གཟིགས་རྒྱུའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་སྐོར་གསུངས་འདུག དེ་ཉིན་ཉིན་རྒྱབ་ཕྱག་ཚོད་༡།༣༠ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་ཆའི་ཆོས་ལུགས་གི་ནང་ཅུང་ཟད་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་སུ་ཕི་ཞེས་པའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་དང་ནང་ཆོས་དབར་བགྲོ་གླེང་གི་ཚོགས་མགོན་དུ་ལྷན་བཞུགས་གནང་གི་ཡོད་པ་རེད། ཨ་རིའི་མེ་རི་ལེནྜ་ཁུལ་གྱི་མཛད་འཆར་གྲུབ་རྗེས་ Oregonམངའ་སྡེའི་ Portland གྲོང་ཁྱེར་དུ་ཆིབས་བསྒྱུར་གནང་གི་ཡོད་པ་རེད།།