རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཕོག་ལུགས།
2009.11.05
༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་འཆར་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཕོག་གི་ཡོད་ལུགས་དཔྱད་ཞིབ་བྱེད་ཡོད་པའི་གནས་ཚུལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་ནང་བདུན་ཕྲག་འདིའི་ནང་ཆིབས་བསྒྱུར་གནང་གི་ཡོད་པ་དེའི་ཐོག་འདས་པའི་ཟླ་བ་འགའ་ཤས་ནང་རྒྱ་ནག་གཞུང་ནས་སྐྱོན་བརྗོད་བསྟུད་མར་བྱེད་བཞིན་ཡོད་ཀྱང་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱི་གཙོས་དཔོན་རིགས་ཚོས་མངའ་སྡེ་འདི་བཞིན་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་གར་གྱི་སྐུ་མགྲོན་གྱི་ཚུལ་དུ་བཞུགས་མཁན་གྲས་བརྩི་འོས་པའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཅིག་ཡིན་སྟབས་ཁོང་རྒྱ་གར་གྱི་ས་ཕྱོགས་གང་དུ་ཕེབས་ཀྱང་དགག་ཆ་ཡོད་མ་རེད་ཅེས་རིམ་པ་གསུངས་ཡོད་པ་རེད།
འོན་ཀྱང་འདས་པའི་རེས་གཟའ་ཉི་མའི་ཉིན་སླར་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཏཱ་ལའི་བླ་མ་རྩོད་རྙོག་ཅན་གྱི་ས་ཁུལ་དུ་ བསྐྱོད་རྒྱུ་དེས་རང་བཞིན་གྱིས་ཁོང་དང་ཁ་བྲལ་ཤོག་ཁག་གིས་རྒྱ་ནག་ལ་ཁ་གཏད་བཅོག་པའི་བྱ་སྤྱོད་སྤེལ་བ་ཞིག་རེད་ཅེས་གཏམ་བཤད་སྤེལ་ཡོད་པ་རེད་ལ་རྒྱ་གར་གྱི་ཆབ་སྲིད་དབྱེ་ཞིབ་པ་ཤན་ཀར་འཇའ་ཡིས་དཔྱད་རྩོམ་སྤེལ་བའི་ནང་རྒྱ་ནག་གིས་སེམས་འཚབ་བྱེད་རྒྱུའི་བོད་ཀྱི་གནད་དོན་ཐོག་རྒྱ་གར་གཞུང་ནས་ལངས་ཕྱོགས་ཡག་པོ་ཞིག་མ་འཛིན་པར་བོད་མི་ཚོར་སྐྱབས་བཅོལ་སྤྲད་ནས་བཞག་པས་མ་ཟད་ཆབ་སྲིད་དང་རིག་གཞུང་གི་ངོ་བོ་གཅེས་འཛིན་མུ་མཐུད་ནས་དམ་འཛིན་བཞག་ཐུབ་པ་དེའི་རྐྱེན་རྩ་རྒྱ་གར་གཞུང་རེད་ཟེར་རྒྱ་ནག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད་ཅེས་བཀོད་ཡོད་པ་རེད། ཡང་ལོན་ཌོན་ལ་རྟེན་གཞི་བྱེད་པའི་སྲིད་བྱུས་ཉམས་ཞིབ་པ་ར་ཧུལ་ཅོ་དི་རིས་རྒྱ་གར་གྱི་ངོས་ནས་ས་མཚམས་ཀྱི་རྙོག་དྲ་དེ་གལ་ཆེན་པོར་བརྩིས་པ་དང་རྒྱ་ནག་གི་ཕྱོགས་ནས་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་བརྩིས་པ་གང་ལྟར་ཕྱོགས་གཉིས་ཀྱི་ལྟ་ཕྱོགས་མི་འདྲ་བ་བཟུང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཕྱོགས་གཉིས་ཀའི་ངོས་ནས་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་གཅིག་མཐུན་ཡོང་རྒྱུ་ཁག་པོ་ཆགས་ཀྱི་ཡོད་རེད་ཅེས་བཀོད་འདུག