༧གོང་ས་མཆོག་གིས་ཚེ་དབང་སྩལ་བ་དང་བརྟན་བཞུཊ་འབུལ་འདུག
2016.08.12
༧གོང་ས་མཆོག་གིས་ཚེ་སྒྲུབ་གཙོ་བོ་ནི་འཕྲོད་བསྟེན་ལ་དོ་སྣང་དང་ཟས་བཅུད་ཡག་པོ་བསྟེན་དགོས་བ་གསུངས་འདུག
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཚེས་༡༡་ཉིན་ལ་དྭགས་ཀྱི་ཁྲིག་རྩེ་དགོན་པར་དད་ལྡན་མང་ཚོགས་སྟོང་ཚོ་མང་པོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་གནང་མཛད་པ་དང་། ཁྲིག་རྩེ་དགོན་པ་དང་ཡུལ་མི་སྤྱི་ཡོངས་ནས་༧མགོན་པོ་གང་ཉིད་ལ་འཕགས་པ་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་མདོ་ལུགས་གནས་བཅུའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་༡༡་ཉིན་གྱི་སྔ་དྲོ་ཐོག་མར་བཀའ་དབང་གི་བསྒྲུབ་བཞག་མཛད་པའི་རིང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་ཁྲིག་རྩེ་མཁན་རིན་པོ་ཆེ་མཆོག་དང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བ་ཀུ་ལ་རིན་པོ་ཆེའི་ཡང་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་མཁན་བླ་སྤྲུལ་རྣམ་པ་དང་སེར་སྐྱ་མང་ཚོགས་རྣམས་ཀྱིས་རྒྱུན་ཕྱག་གསུམ་པ་དང་། ཤེས་རབ་སྙིང་པོ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་སོགས་གསུང་འདོན་གནང་བ་དང་དེའི་རྗེས་སུ་༧གོང་ས་མཆོག་གིས་ཕྱི་ཚེས་༡༠་ཉིན་དབུ་འཛུགས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་བཤད་ལུང་འཕྲོ་སྐྱོང་མཛད་སྐབས། ནང་པ་སངས་རྒྱས་པའི་བསྟན་པ་ད་ལྟ་ཉག་ཕྲ་བ་ཞིག་གི་སྒང་ལ་སླེབས་པའི་སྐབས་འདིར་དབང་པོ་རྟུལ་པོའི་དད་པའི་རྗེས་འབྲང་ཐོག་ཕྱིན་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་རྒྱུ་ཁག་པོ་ཡིན་པ་དང་། གལ་ཏེ་དབང་པོ་རྣོན་པོ་ཆོས་ཀྱི་རྗེས་འབྲང་ཐོག་ཕྱིན་པ་ཡིན་ན་བསྟན་པ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གནས་རྒྱུ་ཡིན་སྐོར་དང་། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་འདུག
དེ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེར་འདུས་སེར་སྐྱ་མང་ཚོགས་གྲངས་༧༠༠༠་བརྒལ་བར་བྱང་ཆུབ་སེམས་པའི་སྡོམ་པ་དང་། ཁྱིམ་པ་ཕོ་མོ་ཚོར་བསླབ་གཞི་ལྔ་འཛིན་པའི་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་སྩལ་པ་མ་ཟད། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་གནང་མཛད་འདུག སྐབས་དེར་༧གོང་ས་མཆོག་གིས་ཚེ་སྒྲུབ་གཙོ་བོ་ནི་འཕྲོད་བསྟེན་ལ་དོ་སྣང་དང་ཟས་བཅུད་ཡག་པོ་བསྟེན་དགོས་པ། དེ་བཞིན་སེམས་ཞི་བདེ་བག་ཕེབས་ངང་གནས་ཐུབ་པ་བྱ་རྒྱུ་དེ་ཡིན་པ་དང་སེམས་ཞི་བདེ་བག་ཕེབས་ཡོང་བར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་ནན་པོ་བསྩལ་གནང་མཛད་འདུག
དེ་ནས་ཁྲིག་རྩེ་དགོན་པ་དང་ཡུལ་མི་སྤྱི་ཡོངས་ཀྱིས་༧གོང་ས་མཆོག་ལ་འཕགས་པ་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་མདོ་ལུགས་གནས་བཅུའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ལ་དྭགས་ཀྱི་ཁྲིག་རྩེ་དགོན་པར་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱངས་གནང་མཛད་པའི་མཐའ་མར་ཁྲིག་རྩེ་མཁན་རིན་པོ་ཆེའི་སྐུ་ཚེའི་རྣམ་དར་གྱི་དཔེ་དེབ་ཞིག་དབུ་འབྱེད་མཛད་ཡོད་པ་རེད།
དེ་ལྟར་༧གོང་ས་མཆོག་གིས་ལ་དྭགས་གླེ་ཁྲིག་རྕེ་དགོན་དུ་ཉིན་གྲངས་གསུམ་གྱི་རིང་ཆོས་འབྲེལ་གནང་བ་དང་དབྱར་ཆོས་ཆེན་མོ་མཇུག་སྒྲིལ་གནང་འདུག
གསར་འགོད་པ་སྟག་ལྷ་རྒྱལ།