ཆོལ་ཁའི་འཐེན་འཁྱེར་ནི་བསམ་བློ་རྗེས་ལུས་རེད། ༧གོང་ས་མཆོག་གིས།
2018.05.29

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོལ་གསུམ་གཅིག་བསྒྲིལ་གྱི་ཐོག་ནས་བོད་ཀྱི་ཆོས་དང་རིགས་གཞུང་བདག་གཅེས་བྱེད་དགོས་པ་གསུངས་འདུག
དེ་ཡང་བཞུགས་སྒར་རྡ་སའི་ཉེ་འཁྲིས་སུ་ཆགས་པའི་ཤེས་རབ་དགའ་ཚལ་སློབ་གླིང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་ཉིན་གཉིས་རིང་གི་དུས་དྲན་སྲུང་བརྩིའི་མཛད་སྒོ་གྲུབ་རྗེས་ཚེས་༢༨ཉིན། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་དང་སློབ་ཟུར་བཅས་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་གནང་མཛད་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཆོལ་གསུམ་ཆིག་བསྒྲིལ་གྱི་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཚང་མའི་ལས་འགན་རེད། ཆོལ་ཁའི་འཐེན་འཁྱེར་བྱས་ནས་བསྡད་ན་རྗེས་ལུས་ཀྱི་བསམ་བློ་རེད། སྔོན་བཙན་པོའི་སྐབས་ཆོལ་གསུམ་གཅིག་སྒྲིལ་བྱས་ནས་བསྡད་སྐབས་བོད་སྟོབས་འབྱོར་མངའ་ཐང་ཆེན་པོ་རེད། རྗེས་སུ་སིལ་བུར་ཐོར་དུས་སྟོབས་ཤུགས་ཉམས་པ་རེད། དེར་བརྟེན་ཚང་མས་གཅིག་གྱུར་གཅིག་སྒྲིལ་གྱི་འདུ་ཤེས་ཡག་པོ་སེམས་ལ་བཞག་དགོས་པ་བཀའ་བསྩལ་འདུག
ཤེས་རབ་དགའ་ཚལ་སློབ་གླིང་འདི་བཞིན་ཐོག་མར་ ༡༩༩༣ ལོར་གསར་བཙུགས་གནང་བ་དང་། ༡༩༩༨ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་ཞེས་མིང་གསོལ་སྩལ་གནང་ཞིང་། ༢༠༠༢ ནས་ ༢༠༡༡ བར་ཤེས་རིག་ལས་ཁུངས་ཀྱིས་སྟངས་འཛིན་གནང་བ་དང་། ༢༠༡༡ ལོར་བཀའ་ཤག་སྐབས་བཅུ་བཞི་པའི་སྐབས་སུ་སམ་བྷོ་ཊས་འགན་འཁུར་བཞེས་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།