༧གོང་ས་མཆོག་དབྱིན་ཡུལ་གྱི་རྒྱལ་སར་ཞབས་སོར་བདེ་བར་འཁོད་པ།
2015.09.14
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དབྱིན་ཡུལ་གྱི་རྒྱལ་སར་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་དང་ཉིན་བཅུ་ཙམ་རིང་མཛད་འཆར་འདྲ་མིན་ཡོད་པ་རེད།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཁ་ས་ཕྱི་ཚེས་༡༣་ཉིན་དབྱིན་ཡུལ་དུ་ཞབས་སོར་བདེ་བར་འཁོད་གནང་སྐབས་གནད་ཡོད་མི་སྣ་དང་ཡུལ་མི། ས་གནས་བོད་མི་བཅས་ནས་ཕེབས་བསུ་གཟབ་རྒྱས་གནང་ཡོད་པ་དང་། ༧གོང་ས་མཆོག་དབྱིན་ཡུལ་དུ་བཞུགས་རྒྱུན་ཉིན་གྲངས་བཅུའི་རིང་ཆོས་འབྲེལ་གྱི་མཛད་རིམ་རིམ་པ་བསྐྱང་གནང་རྒྱུ་ཡིན་པ་རེད།
ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་Cambridge Universityའམ་གཙུག་ལག་སློབ་གཉེར་ཁང་དུ་ཤེས་ཡོན་དང་འབྲེལ་བའི་སྐོར་གྱི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ལྷན་ཞུགས་མཛད་རྒྱུ་དང་། ལྷན་ཚོགས་ཐོག་དབྱིན་ཡུལ་གྱི་ཆོས་དཔོན་དང་། ཚན་རིག་པ། སྙན་ངག་པ། རྩོམ་པ་པོ། ལྟ་གྲུབ་སྨྲ་བ། སློབ་ཕྲུག་བཅས་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་འདུག
དེ་བཞིན་དབྱིན་ཡུལ་ཆབ་སྲིད་ཚོགས་པ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་དང་། དབྱིན་ཡུལ་བོད་ཁང་གིས་གོ་བསྒྲིགས་འོག O2ལོན་ཊོན་ཞེས་པའི་རྩེད་ཐང་དུ་སྙིང་རྗེའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བཀྲིན་སྩལ་གནང་རྒྱུ་དང་། དེ་རྗེས་སེམས་ཁམས་རིག་པ་བ་དང་ཚན་རིག་སྐོར་གསར་འགོད་པ་Daniel Golemanཡིས་སྣེ་ཁྲིད་པའི་༧གོང་ས་མཆོག་དང་ལྷན་དྲི་བ་དྲིས་ལན་གྱི་མཛད་འཆར་ཡོད་པ་རེད།
ལོན་ཊོན་དུ་རྟེན་གཞི་བྱས་པའི་the London Coliseumཞེས་པའི་ཚོགས་ཁང་ནང་དབྱིན་ཡུལ་དུ་ཡོད་པའི་རྒྱ་གར་གྱི་མང་ཚོགས་གཙོ་བོར་གྱུར་བའི་དད་ལྡན་མི་མང་རྣམས་ལ་འཚེ་མེད་ཞི་བའི་སྐོར་བཀའ་སློབ་དང་། མང་ཚོགས་ཀྱི་དྲི་བར་བཀའ་ལན། ལོན་ཊོན་གྱི་དཔལ་འབྱོར་རིག་པའི་སློབ་གྲྭ་London School of Economicsཞེས་པའི་ནང་བཀའ་སློབ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་རྒྱ་ཆེ་བསྐྱང་གནང་རྒྱུ་རེད་འདུག
གསར་འགོད་པ་དབྱངས་སྒྲོལ།