རིག་གཞུང་གཅེས་འཛིན་གལ་ཆེ།
2013.02.25

༄༅༎སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་ཀྱི་བླ་སྲོག་དེ་བོད་མིའི་ཆོས་དང་རིག་གཞུང་ཡིན་པས་དེ་ལ་གཅེས་འཛིན་བྱེད་དགོས་པ་སོགས་གལ་ཆེའི་བཀའ་སློབ་བསྩལ་འདུག
བོད་མིའི་དབུ་ཁྲིད་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྤྱི་ཚེས་༢༥་བོད་ལོ་གསར་ཚེས་༡༥ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨོན་ལམ་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་སྐོར་བཀའ་ཁྲིད་གནང་བ་དང་འབྲེལ། བོད་མི་རིགས་ཀྱི་བླ་སྲོག་དེ་ནང་ཆོས་དང་རིག་གཞུང་ཐོུང་མ་ཡིན་པའི་བོད་ཀྱི་སྐད་ཡིག་བཅས་ཡིན་པས། བོད་མི་ཚོས་དེ་ལ་གཅེས་སྐྱོང་སློབ་གཉེར་བྱེད་དགོས་པ་སོགས་བཀའ་སློབ་གལ་ཆེ་་གནང་ཡོད་པ་རེད། དེའང་༧གོང་ས་མཆོག་གིས་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་དེ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་ལྟ་གྲུབ་ཁག་ཆཌ་ཀྱི་ཡོད་པ་རེད། ལོ་རྒྱུས་སྟེང་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མངའ་བདག་ཁྲི་རལ་པ་ཅན་བཅས་ཀྱི་སྐབས་སུ། བོད་དེ་ཆོས་སྲིད་གང་ཅིའི་ཆ་ནས་ཧ་ཅང་གིས་དར་རྒྱས་ཆེན་པོ་དང་ཆིག་སྒྲིལ་གྱི་སྟོབས་ཤུགས་ཡག་པོ་བྱུང་ནའང་། དེ་རྗེས་བོད་སིལ་པོར་ཐོར་བ་སོགས་ཆབ་སྲིད་ཐད་འཕོ་འགྱུར་མང་པོ་བྱུང་མིན་ལ་མ་ལྟོས་པར་ད་ལྟ་བར་བོད་ཆོལ་གསུམ་གཅིག་གྱུར་ངང་མི་རིགས་ཀྱི་བླ་སྲོག་མི་ཉམས་པར་འགྲོ་བ་དེ། ཆབ་སྲིད་ཀྱི་སྐད་ཆ་མིན་པར་ཆོས་དང་རིག་གཞུང་སྐད་ཡིག་གི་ཐོག་ནས་བྱུང་བ་ཡིན་ཞིང་། ང་ཚོའི་བླ་སྲོག་དེ་ཤེས་ཡོན་གྱི་ཐོག་ནས་ཡོང་གི་ཡོད་པ་ནང་བཞིན། ང་ཚོར་སྔ་མོ་ནས་ཡོད་བསྡད་པའི་ཤེས་ཡོན་བདག་པོ་རྒྱབ་རྒྱུ་ཧ་ཅང་གིས་གལ་གནད་ཆེན་པོ་རེད་ཅེས་བཀའ་གནང་འདུག།