ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད།
2017.04.07
༧གོང་ས་མཆོག་གིས་རྒྱ་རིགས་ནང་པ་ཚོ་རྒྱ་གར་གྱི་ནང་གནས་ཆེན་ཁག་ལ་གནས་མཇལ་ཐུབ་པའི་མཐུན་འགྱུར་གནང་གལ་ཆེ་བ་གསུངས་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གིས་ཕྱི་ཚེས་ ༦ ཉིན། ཨ་རུ་ནཱ་ཅལ་མངའ་སྡེའི་དི་རང་ས་ཁུལ་དུ་རྟེན་གཞི་བྱས་པའི་ཐུབ་གསུང་དར་རྒྱས་གླིང་དབུ་འབྱེད་མཛད་སྒོ་ཁག་ཡོངས་སུ་ལེགས་གྲུབ་རྗེས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་བའི་ནང་། ༧གོང་ས་མཆོག་གིས། རྒྱ་རིགས་ནང་པ་ཚོ་རྒྱ་གར་ནང་གི་ནང་པའི་གནས་ཆེན་ཁག་ལ་གནས་མཇལ་དུ་ཡོང་ཐུབ་རྒྱུར་རྒྱ་གར་གཞུང་གིས་མཐུན་འགྱུར་སྦྱར་ཐབས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ད་རེས་༧གོང་ས་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་འདི་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད་སྐོར་བཀའ་ལན་སྩལ་འདུག
དེ་རྗེས་གསར་འགོད་པས། ༧གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་པ་དེར་རྒྱ་ནག་གཞུང་གིས། རྒྱ་དཀར་ནག་གཉིས་ཀྱི་འབྱུང་འགྱུར་འབྲེལ་ལམ་ཐད་མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་བརྡ་བཏང་བ་དེར་དགོངས་ཚུལ་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་གིས། རྒྱ་དཀར་ནག་གཉིས་ཨེ་ཤེ་ཡའི་ནང་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་གཉིས་ཆགས་ཡོད་ལ། ལོ་རྒྱུས་ཐོག་ནས་བཤད་ན་རྒྱ་ནག་དེ་ནང་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད།
དཔལ་ན་ལེནྜའི་བཞེད་སྲོལ་གྱི་རྗེས་འབྲང་པ་ཞིག་རེད་ཅེས་མུ་མཐུད་བཀའ་གནང་འདུག
དེ་བཞིན་རྒྱ་རིགས་ནང་པ་ཚོར་ཡང་རྒྱ་གར་ནང་གི་ནང་པའི་གནས་ཆེན་ཁག་ལ་གནས་མཇལ་དུ་ཡོང་རྒྱུའི་མཐུན་འགྱུར་སྦྱར་ཐུབ་ཚེ། ད་ལྟའི་འཆར་རྒྱ་ནག་ནང་རྒྱ་རིགས་ནང་པའི་མི་འབོར་ས་ཡ་ ༤༠༠ ཙམ་ཡོད་པ་རྣམས་ལ་ཕན་ཐོགས་ཧ་ཅང་ཡོང་ངེས་དང་། ཕྱོགས་གཅིག་ནས་མི་སྒེར་གྱི་བློ་ཡིད་ཚིམས་པ་ཞིག་དང་། གཉིས་ནས་རྒྱ་རིགས་དེ་དག་རྒྱ་གར་ནང་གི་ནང་པའི་གནས་ཆེན་ཁག་ལ་གནས་སྐོར་ཐུབ་ཚེ་རྒྱ་གར་ནང་གི་རང་དབང་གི་ཚོར་བ་དེ་མཐོང་ཐུབ། སྨྲ་བརྗོད་ཀྱི་རང་དབང་ལྟ་བུར་མཚོན་ན་རྒྱ་གར་ནང་ཧ་ལས་པའི་ཡག་པོ་ཡོད། སྐྱོན་ཆ་ཕྲན་བུ་ཡོད་ཀྱང་སྤྱི་ཡོངས་ནས་བཤད་པ་ཡིན་ན་རྒྱ་གར་འདི་འཛམ་གླིང་ནང་མང་གཙོའི་རིང་ལུགས་བརྟན་ཤོས་ཤིག་དང་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པའི་སྐོར་སོགས་བཀའ་གནང་འདུག
གཞན་ཡང་༧གོང་ས་མཆོག་ནས་རྒྱ་རིགས་མི་འབོར་དུང་ཕྱུར་བཅུ་གསུམ་ཡོད་པ་རྣམས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་ལ། དངོས་ཡོད་གནས་ཚུལ་རྣམས་ཤེས་པ་ཡིན་ན། ཁོ་ཚོར་བདེན་རྫུན་དབྱེ་འབྱེད་ཀྱི་རྣམ་དཔྱོད་ཀྱང་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་གསར་འགྱུར་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པ་འདི་བཟང་སྤྱོད་དང་ཡོངས་སུ་འགལ་བ་མ་ཟད། ཧ་ཅང་གནོད་ཚབས་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།