༧གོང་ས་མཆོག་དབུ་བཞུགས་ཀྱིས་གཞོན་སྐྱེས་བགྲོ་གླེང་ཚོགས་པ།
2016.05.03

༧གོང་ས་མཆོག་གིས་འཛམ་གླིང་ཤར་ནུབ་ཀྱི་གཞོན་སྐྱེས་དབུ་ཁྲིད་ཚོའི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་བཀའ་སློབ་བསྩལ་གནང་བ།
དེ་ཡང་དེ་རིང་ཚེས་༣་ཉིན་བཞུགས་སྒར་རུ་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། ཨ་རིའི་ཞི་བདེའི་ལྷན་ཚོགས་གཉིས་ཐུན་མོང་གིས་གོ་བསྒྲིགས་འོག་འཛམ་གླིང་ཤར་ནུབ་ཀྱི་གཞོན་སྐྱེས་དབུ་ཁྲིད་ཚོའི་དབར་ཉམས་མྱོང་དང་། བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཚོགས་འདུ་ཞིག་གོ་བསྒྲིགས་གནང་ཡོད་པ་དེའི་ཚོགས་མགོན་དུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་Dewan Syed Zainul Abedin་རྣམ་གཉིས་ཕེབས་ཡོད་འདུག
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་རྒྱལ་ཁབ་བཅུ་དྲུག་ཙམ་ནས་ཞི་བདེའི་ཚོགས་མི་བཞི་བཅུ་ཙམ་མཉམ་ཞུགས་བྱས་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སང་འཛམ་གླིང་ནང་རྙོག་དྲ་དང་དམག་འཁྲུག་བྱུང་གཞི་ཞིག་ནི་ཆོས་ལུགས་ཀྱི་ཐོག་ནས་ཡོང་གི་ཡོད་རེད། སྤྱིར་བཏང་ཆོས་ལུགས་ཕན་ཚུན་དབར་རྙོག་དྲ་ཡོང་སྲིད་ཀྱང་དེས་རྐྱེན་པས་མི་མང་པོ་གསོད་རེས་བཏང་བའི་རིགས་ཡོང་གི་ཡོད་པ་ནི་བསམ་ཡུལ་ལས་འདས་པའི་ཐབས་སྡུག་དང་བློ་ཕམ་གྱི་གནས་ཚུལ་རེད་། དེ་འདྲ་ཡིན་དུས་དཀའ་ངལ་སེལ་ཐབས་ཡག་ཤོས་ནི་གཞོན་སྐྱེས་ཚོས་ད་ལྟ་ནས་བསམ་བློ་ཡག་པོ་ཞིག་གཏོང་དགོས་པ་དང་། རྙོག་དྲའི་རིགས་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་རྒྱུ་ནི་ཐབས་ལམ་ཡག་ཤོས་རེད། དེ་དང་ཕྱོགས་མཚུངས་ཞི་འགྲིགས་ཀྱི་ཐབས་ལམ་འཚོལ་ཐབས་སུ་རང་ཉིད་ཀྱི་བརྒྱུད་ལ་བྱམས་བརྩེའི་བློ་སེམས་ཡོད་དགོས་པ་གལ་ཆེན་པོ་རེད། དེར་ཆོས་ཁས་ལེན་ལ་ཁྱད་པར་གང་ཡང་ཡོད་མ་རེད་ཅེས་གསུངས་འདུག
འདི་ལྟ་བུའི་བགྲོ་གླེང་ལྷན་ཚོགས་བསྐྱངས་དགོས་པའི་དམིགས་ཡུལ་ནི། དེང་སྐབས་འཛམ་གླིང་ནང་འཁྲུག་རྩོད་མང་ཤོས་གཞོན་སྐྱེས་ཚོའི་ཐོག་ནས་མ་ཤེས་རྨོངས་པའི་རྐྱེན་གྱིས་ཆོས་ལུགས་དང་མི་རིགས་དབར་འཐེན་འཁྱེར་འོག་ཡོང་གི་ཡོད་སྟབས། ཕན་ཚུན་གོ་བསྡུར་སྦྱང་བཤད་ཐོག་ནས་དཀའ་ངལ་གང་བྱུང་ཡང་དེ་དག་ཞི་བའི་ཐབས་ལམ་གྱི་ཐོག་ནས་སེལ་ཐབས་བྱེད་རྒྱུར་དམིགས་པ་ཞིག་ཡིན་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།