དད་ལྡན་པ་ཚོས་༧གོང་ས་མཆོག་ཐེ་ཝན་དུ་ཕེབས་རེ་གནང་བཞིན་པ།
2016.03.01
དེ་ཡང་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་ནང་དད་ལྡན་མང་ཚོགས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ནང་ཕེབས་རྒྱུའི་རེ་འདུན་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ལ་ཕོག་ཐུག་འབྱུང་སྲིད་པའི་དོགས་ཟོན་རྐྱེན་པས་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་Tsai Ing Wenམཆོག་ནས་༧གོང་ས་མཆོག་ལ་མཐོང་མཆན་VISAའབུལ་མིན་སྐོར་ཐག་གཅོད་བྱ་མི་ཐུབ་པའི་གནས་སུ་ལུས་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེ་སྔ་༡༩༩༧་ནས་༢༠༠༩་བར། ཐེ་ཝན་ནང་ཆོས་འབྲེལ་ཐེངས་གསུམ་བསྐྱངས་ཡོད་པ་རེད། ཡིན་ན་ཡང་འདས་པའི་ལོ་དྲུག་ལྷག་ཙམ་གྱི་རིང་སྲིད་འཛིན་Ma Ying Chouགིས་དབུ་ཁྲིད་པའི་གོ་མིན་ཏང་གཞུང་གིས། རྒྱ་ནག་དང་འབྲེལ་ཐག་ཉེ་པོའི་སྲིད་ཇུས་འོག་༧གོང་ས་མཆོག་ཐེ་ཝན་ནང་ཆེད་ཕེབས་གནང་རྒྱུའི་ལམ་ཡིག་ཐོངས་མཆན་འབུལ་རྒྱུར་འགོག་རྐྱེན་བྱུང་ཡོད་པ་རེད།
རོ་ཨི་ཀྲར་གསར་ལས་ཁང་གིས་ལྷོ་རྒྱ་ནག་གི་ཕོ་ཉ་ཞེས་པའི་གསར་ཤོག་གི་གནས་ཚུལ་ལུངས་འདྲེན་བྱས་པར་ལྟར་ན། ཐེ་ཝན་ནང་པའི་ཚོགས་སྡེ་ཁག་ནས་༧གོང་ས་མཆོག་ཐེ་ཝན་ནང་གདན་ཞུ་གནང་རྒྱུའི་གྲ་སྒྲིག་ཡོད་མུས་ཐོག་རིང་མིན་ཕྱི་ཟླ་༥པའི་ནང་། སྲིད་འཛིན་གསར་པ་ལྕམ་Tsai Ing wenམཆོག་ནས། རྒྱལ་ཁབ་ཀྱི་འཛིན་སྐྱོང་གི་ལས་ཁུར་དངོས་སུ་བཞེས་པའི་རྗེས་སྲིད་འཛིན་མཆོག་ལ་ཕྱི་ཟླ་༡༠པའི་ཚེས་༡༠ཐེ་ཝན་རྒྱལ་སྟོན་ཉིན་མོ་སྲུང་བརྩི་དང་སྟབས་བསྟུན་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་གནང་ཆོག་པའི་ཐོངས་མཆན་འབུལ་དགོས་པའི་རེ་འདུན་བསྐྱར་ནན་བྱ་རྒྱུའི་གྲ་སྒྲིག་ཡོད་པ་གསལ་འདུག
གནད་དོན་དབྱེ་ཞིབ་པ་ཁག་གིས་གཟིགས་ཚུལ་ནང་། ལྕམ་Tsai Ing-wenགིས་དབུ་འཁྲིད་པའི་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་འོས་བསྡུའི་རྒྱལ་ཁབ་ཐོབ་པའི་རྗེས་ད་ལྟའི་བར་རྒྱ་ནག་གཞུང་ནས་ཐེ་ཝན་གྱི་སྲིད་འཛིན་གསར་པར་བཟང་ངན་གྱི་ལྟ་སྟངས་ཁ་གསལ་བརྗོད་པའི་སྐབས་ཅི་སྟེ་སྲིད་འཛིན་Tsai Ing-wenནས། ༧གོང་ས་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་གནང་རྒྱུའི་ཐོངས་མཆན་ཕུལ་ཚེ་རྒྱ་ནག་སྐམ་ས་ཆེན་མོ་དང་ད་ལྟའི་ལྷིང་འཇགས་ཀྱི་རྣམ་པ་ཡོད་པའི་གནས་སྟངས་ལ་འགྱུར་ལྡོག་གི་ཤུགས་རྐྱེན་ཆེན་པོ་ཐེབས་བཟོ་ཡོད་པ་བརྗོད་འདུག
ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཐེ་ཝན་ནང་པའི་ཚོགས་སྡེ་ཁག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐེ་ཝན་ནང་མགྲོན་འབོད་ཀྱི་གདན་ཞུ་ཕུལ་བའི་གནས་ཚུལ་མཁྱེན་རྟོགས་མེད་པ་བཀོད་འདུག་ལ་དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཀྱང་ད་ལྟའི་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་སྐྱོང་རྒྱུའི་མཛད་འཆར་གང་ཡང་མེད་པ་གསུངས་འདུག༎
ཐེ་ཝན་གྱི་གཞུང་འཛིན་གོ་མིན་ཏང་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་གྲན་ཤེ་ཤིང་གིས། ཐེ་ཝན་གཞུང་ལ་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐེ་ཝན་ནང་ཕེབས་བསྐྱོད་གནང་ཆོག་པའི་མཐོང་མཆན་VISA་འབུལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་ཕྲེང་རིང་བསྟན་ནོར།