བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་མི་རི་ཀར་ཕེབས་རྒྱུའི་མཛད་འཆཪ་ཕྱིར་འཐེན་གནང་འདུག
2018.01.10

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བཞི་པའི་ནང་ཨ་རིའི་(North Carolina)འི་གྲོང་ཁྱེར་(Raleigh)་ནང་ཞབས་སོར་འཁོད་རྒྱུའི་མཛད་འཆར་ཡོད་ཀྱང་ད་ཆ་མཛད་འཆར་དེ་ཕྱིར་འཐེན་གནང་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་(Raleigh)་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་(Nancy McFarlane)་ལགས་སུ་ཕྱག་བྲིས་ཤིག་ཕུལ་བའི་ནང་། ངས་བློ་འགྱོད་ཆེན་པོའི་ངང་བརྡ་ལན་ཕུལ་རྒྱུར། འདི་ལོ་༢༠༡༨་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ཐེ་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་རྒྱུའི་མཛད་འཆར་ཕལ་ཆེ་བ་ཕྱིར་འཐེན་གནང་བའི་ཁོངས་སུ། གྲོང་ཁྱེར་ (Raleigh)་ནང་གི་མཛད་འཆར་ཡང་ཚུད་ཡོད་པ་དང་། གྲོང་ཁྱེར་ (Raleigh)་དེ་བཞིན་སྙིང་རྗེའི་གྲོང་ཁྱེར་ཞིག་བཟོ་ཐབས་སུ་ལས་འཆར་མང་པོ་ཞིག་གོ་སྒྲིག་གནང་ཡོད་པ་ཤེས་རྟོགས་ཡོད་ལ་སྐུ་ཉིད་ཀྱི་ཐུགས་འཁུར་ཆེ་བཞེས་གནང་བའི་ལས་འཆར་དེ་ཚོ་སྒྲུབ་ཐབས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱབ་སྐྱོར་ཆ་ཚང་གནང་གི་འདུག་ཞེས་འཁོད་འདུག
དེ་བཞིན་ཁོང་གིས་ཕལ་ཆེར་ཕྱི་ལོ་༢༠༡༩་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་སོར་འཁོད་སྲིད་པའི་སྐོར་ཡང་གསུངས་ཡོད་འདུག
ཨ་རིའི་(North Carolina)འི་གྲོང་ཁྱེར་(Raleigh)ཀྱི་གྲོང་ཁྱེར་སྤྱི་ཁྱབ་པ་(Nancy McFarlane)ལགས་སྔ་ལོ་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་(Raleigh)་ནང་ཕེབས་གནང་ཡོང་བའི་མགྲོན་འབོད་གསོལ་འདེབས་ཞུས་པ་བཞིན་བཀའ་བཟང་ཐོབ་ནས་སྔ་ལོའི་ཕྱི་ཟླ་༡༠་ནང་ཕེབས་རྒྱུའི་མཛད་འཆར་ཡོད་ཀྱང་མཛད་འཆར་དེ་བཞིན་འདི་ལོའི་ཕྱི་ཟླ་༤་བར་ཕྱིར་འགྱངས་གནང་ཡོད་པ་རེད།
ད་ཆ་མཛད་འཆར་ལ་འགྱུར་བ་ཕྱིན་པ་དེར་གྲོང་ཁྱེར་སྤྱི་ཁྱབ་པ་(McFarlane)ལགས་ཧ་ཅང་བློ་ཕམ་ཆེན་པོ་བྱུང་ཞེས་རེས་གཟའ་མིག་མར་ཉིན་གསུངས་འདུག དེ་བཞིན་ཁོང་གིས་ང་ཚོས་མུ་མཐུད་དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཞུ་གི་ཡིན། གལ་སྲིད་ཕྱི་ལོ་༢༠༡༩་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་སོར་འཁོད་རྒྱུའི་མཛད་འཆར་བྱུང་ན་ང་ཚོར་གོ་སྐབས་དང་པོ་གནང་བའི་རེ་བ་ཞུ་གི་ཡོད་ལ་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་གྲོང་ཁྱེར་(Raleigh)་ནང་ཕེབས་རྒྱུར་སྤྲོ་སེམས་ཆེན་པོ་གནང་གི་འདུག་ཅེས་གསུངས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།