༧གོང་ས་མཆོག་སྔ་འགྱུར་བྲག་ཐོག་དགོན་པར་ཕེབས་པ།


2016.08.06
༧གོང་ས་མཆོག་ལ་དྭགས་ཀྱི་སྔ་འགྱུར་བྲག་ཐོག་དགོན་པར་ཕེབས་སྐབས། ༢༠༡༦།༨།༥ ༧གོང་ས་མཆོག་ལ་དྭགས་ཀྱི་སྔ་འགྱུར་བྲག་ཐོག་དགོན་པར་ཕེབས་སྐབས། ༢༠༡༦།༨།༥
OHHDL

༧གོང་ས་མཆོག་གིས་གནའ་དེང་གི་ཤེས་ཡོན་ཟུང་སྦྲེལ་ཐོག་ཕྱིའི་དངོས་པོ་ཙམ་མིན་པར་ནང་སེམས་ཀྱི་ཞི་བདེའི་ལ་དོ་སྣང་གལ་ཆེ་བ་གསུངས་འདུག
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༥་ཉིན་སྔ་འགྱུར་བྲག་ཐོག་དགོན་ཆོས་འཁོར་པདྨ་གླིང་གི་འདུ་ཁང་གསར་བཞེངས་ལེགས་གྲུབ་ཟིན་པ་དབུ་འབྱེད་རབ་གནས་མཛད་པ་དང་། དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་སྩལ་གནང་མཛད་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གྲོ་ལོག་ཀྱི་ལྗགས་བསྙེན་གྲུབ་པའི་མཚམས་སུ་ཇི་ལྟར་གསོལ་འདེབས་ཞུས་བཞིན། དེ་རིང་༧མགོན་པོ་གང་ཉིད་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་༤༠་ཙམ་ལ་ཡོད་པའི་སྔ་འགྱུར་བྲག་ཐོག་དགོན་པར་ཞབས་སོར་འཁོད་གནང་མཛད་སྐབས། དགོན་པའི་སློབ་དཔོན་དང་སློབ་ཟུར་གཙོས་པའི་དགེ་འདུན་པ་རྣམས་དང་། ས་གནས་ཀྱི་གནད་དོན་མི་སྣ་དང་མི་མང་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
ཐོག་མར་དགེ་འདུན་པ་ཁག་གཅིག་གིས་ཤེས་བརྗོད་གསུང་འདོན་དང་སྦྲགས་༧གོང་ས་མཆོག་གིས་དགོན་པའི་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་པའི་རྗེས་སུ། འདུ་ཁང་ནང་གནས་གཟིགས་མཛད་པ་དང་། ༧གོང་ས་མཆོག་བཞུགས་ཁྲིར་འཁོད་པའི་འཚམས་སུ་དགོན་པའི་སློབ་དཔོན་མཆོག་གིས་༧མགོན་པོ་གང་ཉིད་ལ་མཎྜ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེའི་རྗེས་སུ་༧གོང་ས་མཆོག་གིས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཆོ་གའི་སྒོ་ནས་གསོལ་ཚོགས་འབུལ་བཞེས་མཛད་འདུག་ལ་དེར་འདུས་དགེ་འདུན་པ་དང་དད་ལྡན་མང་ཚོགས་ནས་ཚིག་བདུན་གསོལ་འདེབས་དང་བར་ཆད་ལམ་སེལ་རྡོ་རྗེ་གྲོ་ལོད་ཀྱི་གཟུངས་བསྔགས་བཏོན་གནང་འདུག
ཚོགས་མཆོད་ཀྱི་ཆོ་ག་གྲུབ་པའི་རྗེས་སུ་འདུ་ཁང་གི་ཕྱི་ལ་འདུས་པའི་ས་གནས་དད་ལྡན་མང་ཚོགས་བརྒྱ་ཕྲག་འགའ་ཤས་ཤིག་ལ་༧གོང་ས་མཆོག་གིས། ནང་པ་སངས་རྒྱས་པའི་ཆོས་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དང་། མི་སྐྱ་ཕོ་མོ་རྒན་གཞོན་ཚང་མས་སངས་རྒྱས་ཀྱི་གསུང་གཞུང་ཆེན་ཁག་ལ་བློ་གཟུ་བོར་གནས་པའི་ཐོག་ནས་སློབ་སྦྱོང་བྱེད་ནས་དེའི་ཐོག་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་སློབ་ཕྲུག་ཚོར་གནའ་དེང་གི་ཤེས་ཡོན་ཟུང་སྦྲེལ་ཐོག་ཕྱི་དངོས་པོ་ཡར་རྒྱས་ཙམ་མིན་པར་ནང་སེམས་ཀྱི་ཞི་བདེའི་ཐོག་དོ་སྣང་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་གནང་མཛད་འདུག
སྔ་འགྱུར་བྲག་ཐོག་དགོན་པ་དེ་བཞིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ཡོད་པའི། བྱེས་ཀྱི་སྔ་འགྱུར་སྙིང་མའི་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་ཆོས་འཁོར་རྣམ་རྒྱལ་གླིང་གི་ཡན་ལག་དགོན་པ་ཞིག་ཡིན་པ་དང་། དགོན་པ་དེའི་དགོན་བདག་ནི་ཞིང་བཤེགས་༧སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ཡིན་ཞིང་། ད་ལྟའི་འཆར་དགོན་པ་དེའི་ནང་དགེ་འདུན་པ་ཞལ་གྲངས་༢༥་ཙམ་སློབ་གཉེར་གནང་བཞིན་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎