༸གོང་ས་མཆོག་གིས། རིགས་ལམ་གྱི་འགྲོ་སྟངས་ནི་ནང་ཆོས་ཀྱི་བརྗོད་ཆ་ཙམ་མིན་པར། དོན་དག་གང་ཡང་རུང་བའི་ཐོག་རིགས་པས་དཔྱད་པ་ཐུབ་པའི་ཕན་ཐོགས་ཡོད། ཅེས་བཀའ་སྩལ་བ།

2023.08.07
༸གོང་ས་མཆོག་གིས། རིགས་ལམ་གྱི་འགྲོ་སྟངས་ནི་ནང་ཆོས་ཀྱི་བརྗོད་ཆ་ཙམ་མིན་པར། དོན་དག་གང་ཡང་རུང་བའི་ཐོག་རིགས་པས་དཔྱད་པ་ཐུབ་པའི་ཕན་ཐོགས་ཡོད། ཅེས་བཀའ་སྩལ་བ། ༸གོང་ས་མཆོག་ལ་དྭགས་ལམ་སྒྲོན་དཔེ་གསར་སློབ་གྲྭར་ཆིབས་སྒྱུར་མཛད་པའི་སྐབས། ༢༠༢༣།༠༨།༠༧ ཉིན།
OHHDL

འདི་ཚེས་ ༧ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་རུ་ཆགས་པའི་ལམ་སྒྲོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དང་། དབྱར་ཆོས་ཆེན་མོའི་ཐོག་འཇམ་དབྱངས་གང་བློ་མའི་བསྟོད་པ་དང་། བློ་སྦྱོང་ཚིགས་བརྒྱད་མ་གཉིས་ཀྱི་བཤད་ལུང་བཀྲིན་སྐྱོང་སྐབས། ༸གོང་ས་མཆོག་གིས། རིགས་ལམ་གྱི་འགྲོ་སྟངས་ནི་ནང་ཆོས་ཀྱི་བརྗོད་ཆ་ཙམ་མིན་པར་དོན་དག་གང་ཡང་རུང་བའི་ཐོག་རིགས་པས་དཔྱད་པ་ཐུབ་པའི་ཕན་ཐོགས་ཡོད། ཅེས་དང་། དེ་རིང་འདིར་གཞོན་སྐྱེས་ཚོས་རྟགས་གསལ་བཏང་བར་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་བ་དང་སྦྲགས། གླེ་རུ་ཡོད་པའི་གཞོན་སྐྱེས་ཚོའི་ངོས་ནས་རིགས་ལམ་ལ་གོམས་འདྲིས་གང་ཐུབ་བྱ་རྒྱུ་དེས་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་ཞེས་བཀའ་སྩལ་སོང་།
ཡང་སྐབས་དེར་༸གོང་ས་མཆོག་གིས་འཇམ་དབྱངས་གང་བློ་མའི་བསྟོད་པའི་བཤད་ལུང་བཀྲིན་སྩལ་སྐབས། སེར་སྐྱ་རྒན་གཞོན་ཚང་མ་དང་། ལྷག་པར་གཞོན་སྐྱེས་ཚོས་ཨ་ར་པ་ཙ་གསོག་འདོན་གནང་རྒྱུ་དེས་རིག་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་བཀའ་སྩལ་སོང་།
གཞན་ཡང་ལ་དྭགས་ལམ་སྒྲོན་དཔེ་གསར་སློབ་གྲྭའི་ཟློས་གར་དགེ་རྒན་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་རིང་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དང་དབྱར་ཆོས་ཆེན་མོར་༸གོང་ས་མཆོག་ཆིབས་སྒྱུར་མཛད་པ་དང་། ༸གོང་ས་མཆོག་གི་སྐུ་མདུན་ལ་གླུ་གར་གྱི་མཆོད་པ་འབུལ་རྒྱུའི་སྐལ་བཟང་གོ་སྐབས་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། ང་ཚོ་སློབ་གྲྭའི་དགེ་སློབ་དང་སློབ་ཟུར་ཡོངས་ནས་མགོན་པོ་གང་ཉིད་མཆོག་ལ་ལམ་སྒྲོན་གླུ་དབྱངས་ཕུལ་རྒྱུ་བྱུང་བས་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

2023-08-07Leh-G06_SA14124.jpg
དེ་བཞིན་༸གོང་ས་མཆོག་གི་ལ་དྭགས་གསུང་སྒྱུར་བ་འབུམ་རམས་པ་བློ་བཟང་ཚེ་དབང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་གསུངས་ན། ནམ་རྒྱུན་སྡིངས་ཆ་གཅིག་གི་སྟེང་མི་མང་འདུ་འཛོམས་ཆེན་པོ་དེ་འདྲ་ཁག་པོ་ཡིན་ཡང། ༸གོང་ས་མཆོག་འདིར་ཆིབས་སྒྱུར་མཛད་པ་དེས། མི་མང་འདུ་འཛོམས་ལ་ཁྱད་པར་ཆེན་པོ་བཟོས་ཡོད་པ་རམ་ཟད། མི་མང་ཚོས་ནང་ཆོས་ལ་དོ་སྣང་ཤུགས་ཆེ་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༡ ཉིན་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་པ་བཟུང་།ད་བར་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་མུས་ཡིན་པ་དང་། ལ་དྭགས་ལམ་སྒྲོན་དཔེ་གསར་སློབ་གྲྭ་དེ་བཞིན་ཕྱི་ལོ་ ༡༩༧༣ ལོར་དབུ་བརྙེས་ནས་ད་བར་མི་ལོ་ཧྲིལ་པོ་ ༥༠ འཁོར་གྱི་ཡོད་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎