༸གོང་ས་མཆོག་གིས། བོད་མི་རིགས་ལ་སེམས་པ་བཟང་པོ་བྱེད་རྒྱུའི་ཐད་དམིགས་བསལ་བག་ཆགས་ཟབ་མོ་ཡོད་ཅེས་ཐའེ་ཝན་གྱི་གསུང་ཆོས་ཉིན་མཐའ་མར་བཀའ་གནང་སོང་།

2023.10.04
༸གོང་ས་མཆོག་གིས། བོད་མི་རིགས་ལ་སེམས་པ་བཟང་པོ་བྱེད་རྒྱུའི་ཐད་དམིགས་བསལ་བག་ཆགས་ཟབ་མོ་ཡོད་ཅེས་ཐའེ་ཝན་གྱི་གསུང་ཆོས་ཉིན་མཐའ་མར་བཀའ་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་རྒྱལ་ཁབ་ཕྱི་ནང་ནས་སེར་སྐྱ་ཕོ་མོ་སྟོང་ཕྲག་ཁ་ཤས་ལ་སྤྱན་རས་གཟིགས་ཕྱག་བཞི་བའི་བཀའ་དབང་བཀའ་དྲིན་སྩལ་གནང་མཛད་པའི་སྐབས་། ༡༠།༠༤།༢༠༢༣
OHHDL

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༤ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་རྒྱལ་ཁབ་ཕྱི་ནང་ནས་སེར་སྐྱ་ཕོ་མོ་སྟོང་ཕྲག་ཁ་ཤས་ལ་སྤྱན་རས་གཟིགས་ཕྱག་བཞི་བའི་བཀའ་དབང་བཀའ་དྲིན་སྩལ་གནང་མཛད་པའི་སྐབས་། འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་མཆོག་ཡིན་པ་དང་། རྒྱ་ཧོར་བོད་གསུམ་གྱི་ས་ཁུལ་དག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས། ཆུང་དུས་ནས་མ་ཎི་བགྲང་རྒྱུའི་གོམས་གཤིས་བཟང་པོ་ཞིག་ཡོད། ཆོས་དད་ཡོད་མེད་ལ་མ་བལྟོས་པར་སེམས་པ་བཟང་པོ་བྱེད་རྒྱུ་གལ་ཆེ་ཞིང་། ལྷག་དོན་དུ་བོད་མི་རིགས་ལ་སེམས་པ་བཟང་པོ་བྱ་རྒྱུའི་ཐད་དམིགས་བསལ་བག་ཆགས་ཟབ་མོ་ཡོད་ཅེས་བཀའ་གནང་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ནང་སེམས་ཞི་བདེའི་གལ་གནད་དང་ཕན་ཡོན་སྐོར་བཀའ་ཕེབས་པའི་ནང་། རྒྱུན་དུ་ནང་སེམས་ཞི་བདེ་བག་ཕེབས་ཡོད་པ་ལ་བརྟེན་ནས། སེམས་སྐྱིད་པ་དང་ལུས་བདེ་བ་སོགས་ཡོང་གི་ཡོད། དེང་སྐབས་འཛམ་གླིང་ཤར་ནུབ་ལྷོ་བྱང་ག་པར་ཡིན་ནའང་། འཛམ་གླིང་ཞི་བདེ་ཞེས་ཡོངས་གྲགས་བཤད་ཀྱི་ཡོད། འོན་ཀྱང་། ཞི་བདེ་ངོ་མ་དེ་བྱམས་བརྩེ་ཉམས་ལེན་བྱས་ཏེ་ལག་བསྟར་གནང་བའི་རྗེས་འབྲས་སུ་ཡོང་གི་ཡོད། གང་ཟག་སྒེར་ལྟ་བུ་ཞིག་ལ་མཚོན་པ་ཡིན་ནའང་། བསམ་བློའི་ཐོག་ནས་སེམས་ཀྱི་ཞི་བདེ་ཡག་པོ་ཞིག་བྱུང་བ་ཡིན་ན། བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་གི་རེད་ཅེས་བཀའ་གནང་སོང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་རེས་སྐབས་སུ་བབས་པ་ནི་ང་ཚོ་ཚང་མས། འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་ནས་གཞན་ཕན་གྱི་བསམ་བློ་ཉམས་ལེན་བྱས་ཏེ། ཚེ་རབས་ནས་ཚེ་རབས་བཏན་དུ་བདེ་བ་ཡོང་བ་ཞིག་བྱེད་ཀྱི་ཡིན་ཞེས་ཀུན་སློང་རྣམ་པར་དག་པ་ཞིག་དགོས་གལ་ཆེ་བའི་སྐོར་བཀའ་གནང་ཞིང་། རང་གཞན་གཉིས་ཀྱི་དོན་འགྲུབ་པར་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་རྒྱུ་ལས་ལྷག་པ་མེད་པ་མ་ཟད། འཕྲལ་ཕུགས་གཉིས་ལ་དོན་དམ་གྱི་བདེ་སྐྱིད་དགོས་ནའང་།བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་རྒྱུ་ལས་ལྷག་པ་མེད་པའི་སྐོར་བཀའ་གནང་སོང་།

ད་རེས་ཀྱི་གསུང་ཆོས་འདི་ལ་ཐའེ་ཝན་དང་། སིང་གྷ་པུར་། མཱ་ལེ་ཤེ་ཡ་བཅས་ནས་དད་ལྡན་ཆོས་ཞུ་བ་༡༥༠༠ ལྷག་གཙོས་པའི་ཡོ་རོབ་དང་ར་ཤི་ཡ། ཁེ་ན་ཌ། ཨ་རི། ཕྷི་རན་སི། ཨ་ཕྷི་རི་ཀ། རྒྱ་གར། བོད་མི་སོགས་ཆོས་ཞུ་བ་སྟོང་ཕྲག་ཁ་ཤས་ཆེད་བཅར་ཞུས་པའི་ཁྲོད། ཕྷི་རན་སི་ནས་ཡིན་པ་Anna ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོ་གིས། གསེར་ཞལ་མཇལ་རྒྱུའི་ཆེད་དུ་ང་རྡ་རམ་ས་ལར་ཡོང་བ་ཡིན། ངའི་མི་ཚེའི་ནང་༧མགོན་པོ་གང་ཉིད་མཆོག་དངོས་སུ་མཇལ་བ་ད་རེས་ཐེངས་དང་པོ་ཡིན། ཧ་ཅང་གི་དགའ་ཚོར་བྱུང་། དེ་སྔ་ང་ཆུང་དུས་ཕྷི་རན་སིར་ཁོང་གི་མཚན་སྙན་གྲགས་སྐོར་གོ་ཐོས་བྱུང་ལ། ད་ཆ་འཛམ་གླིང་ཡོངས་སུ་ཁོང་གི་མཛད་རྗེས་ལ་ཡི་རང་ཞུ་མུས་རེད་འདུག ད་རེས་གསུང་ཆོས་སྐབས། ༸གོང་ས་མཆོག་གིས། སེམས་བཟང་པོ་བྱས་པ་ཡིན་ན། ཕན་ཐོགས་ཇི་ཡོད་སྐོར་ང་ལ་དྲན་སྐུལ་ཞུས་སོང་བས། སེམས་ལ་ཟུག་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཉིན་ཤས་རིང་མགུལ་འཆམ་བཞེས་ཏེ། སྐུ་ངལ་གསོ་དགོས་བྱུང་བར་བརྟེན། ཐའེ་ཝན་གསུང་ཆོས་ཉིན་དང་པོ་དང་གཉིས་པ་གཉིས་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་སྩལ་ཡོད་པ་དང་། གསུང་ཆོས་ཉིན་མཐའ་མར་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་མཛད་དེ་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་ཡོད་པ་རེད།

ཐའེ་ཝན་དུ་སྐྱེས་ཤིང་། ད་ལྟ་ཁེ་ན་ཌར་གནས་ཞུགས་Xing Xia Wie ལགས་ཀྱིས།༸གོང་ས་མཆོག་གི་གསུང་ཆོས་ཞུ་བའི་སྐབས། མིག་ཆུང་རང་དབང་མེད་པར་ཤོར་ཡོང་གི་འདུག བསྐལ་བ་དང་ལྡན་པའི་སེམས་ཚོར་ཞེ་དྲག་བྱུང་། ད་རེས་མགོན་པོ་གང་ཉིད་མཆོག་གིས། འཛམ་གླིང་ཞི་བདེ་ཡོང་བར་གཙོ་བོ་སེམས་པ་བཟང་པོ་བྱེད་དགོས་པ་བཀའ་གནང་སོང་བས། ངས་རེ་བ་ལ། འཛམ་གླིང་གི་དབུ་ཁྲིད་ཚོའི་ཐུགས་རྒྱུད་བཟང་པོ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད། དེ་ལྟར་བྱུང་བ་ཡིན་ན། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ།ལྷག་དོན་གང་ཉིད་མཆོག་གི་དྲུང་ནས་སྤྱན་རས་གཟིགས་ཀྱི་བཀའ་དབང་ཞུ་རྒྱུ་བྱུང་བ་ང་རང་གི་བསོད་ནམས་ཡིན། ཧ་ཅང་གི་དགའ་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁེ་ན་ཌ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཨེ་ན་ལཱཀ་ཝ་ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀའ་ཆོས་ཞུས་པའི་རྗེས་ལ། གང་ཐུབ་ཀྱིས་སེམས་པ་བཟང་པོ་བྱས་ཏེ་གཞན་ལ་ཡང་བརྒྱུད་སྤེལ་བྱེད་རྒྱུ་འགན་ཡོད་པའི་མྱོང་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་ཤར་ཕྱོགས་སུ་ཆགས་པའི་ཀ་ལིམ་པོང་ནས་ཆེད་དུ་༸གོང་ས་མཆོག་གི་གསུང་ཆོས་ལ་བཅར་བའི་གཞས་པ་བསོད་ནམས་བློ་ལྡན་ལགས་ཀྱིས། སླར་ཡང་༸གོང་ས་མཆོག་གསེར་ཞལ་མཇལ་ཏེ། བཀའ་ཆོས་དང་བཀའ་དབང་ཞུ་རྒྱུ་བྱུང་བར་སྐལ་པ་བཟང་པོ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཆར་གཞིར་བཟུང་ན། རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་མངའ་སྡེའི་གྲོང་ཁྱེར་སྒང་ཏོག་ནང་ཆིབས་བསྒྱུར་གྱིས། སྤྱི་ཟླ་༡༠ པའི་ཚེས་༡༡ ནས་༡༢ བར་ཉིན་གྲངས་གཉིས་ཀྱི་རིང་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎