༧གོང་ས་མཆོག་ཨ་རིའི་ནང་མཁས་པའི་བགྲོ་གླེང་ལྷན་ཚོཊ་སུ་ཕེབས་རྒྱུ།
2017.06.08
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་བྱང་ཕྱོགས་མངའ་སྡེ་(Minnesota)ར་ཟླ་བ་འདིའི་ཚེས་༢༠ནས་༢༤བར་ཆིབས་བསྒྱུར་མཛད་འཆར་ཡོད་པ་བཞིན། ཕྱི་ཚེས་༢༣ཉིན་མི་ཎི་སོ་ཊའི་གྲོང་ཁྱེར་(Eden Prairie)ནང་རྟེན་གཞི་གནང་བའི་(Starkey)རྣ་བ་འོན་པའི་གོ་ཆེད་འཕྲུལ་རིགས་ལས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་ཆེ་གནང་མཛད་ཀྱི་འདུག
དེ་ཡང་(Sun Current)ཞེས་པའི་གོང་ཞུས་གྲོང་ཁྱེར་གྱི་ས་གནས་གསར་ཤོག་ནང་། སྤྱི་ཟླ་༦པའི་སྤྱི་ཚེས་༢༣ཉིན་འཚོགས་གནང་རྒྱུའི་བྱམས་བརྩེ་དང་སྙིང་རྗེའི་འབོད་སྐུལ་ཞེས་པའི་བརྗོད་གཞི་སྐོར་གྱི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་རྒྱུ་དང་། བགྲོ་གླེང་དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་རིག་དང་ཚན་རིག རིག་གཞུང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Forest Whitaker)ལྷན་བཞུགས་གནང་རྒྱུ་ཡིན་ཐོག་ (Starkey)ལས་ཁང་གི་སྦྱིན་བདག་(Bill) དང་(Tanin Austin) གཉིས་ཀྱང་མཉམ་བཞུགས་གནང་ཡག་རེད་འདུག།
(Starkey) རྣ་བ་ཉན་ཆས་ལས་ཁང་གིས་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་ནང་། ༧གོང་ས་མཆོག་དབུ་བཞུགས་ཐོག་གི་བགྲོ་གླེང་དེའི་དམིགས་ཡུལ་གཙོ་བོ་ནི་ཞི་བདེ་དང་ཕན་ཚུན་གོ་རྟོགས་སྤེལ་རྒྱུའི་བསམ་བློ་གོང་འཕེལ་གཏོང་ཐབས་གནང་རྒྱུ་དེ་ཡིན་པ་དང་། ལས་ཁང་དེའི་འགན་འཛིན་Bill Austin ཡིས། ང་ཚོའི་ལས་ཁང་གིས་སྤྱི་ནོར་༧གོང་ས་སྐུ་ཕྲེང་༡༤པ་ཏཱ་ལའི་བླ་མ་མཆོག་གི་འགྲོ་བ་མི་ཕན་ཚུན་དབར་བཅོས་མིན་གྱི་འབྲེལ་བ་བཟང་པོ་ཞིག་དགོས་ཀྱི་ཡོད་པའི་དགོངས་གཞིར་བརྩི་བཀུར་ཞུ་གི་ཡོད་ཅེས་གསུང་འདུག
དེ་བཞིན་(Bill Austin)ཡིས་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་དེའི་ནང་ཁོང་གིས། འཛམ་གླིང་ཀུན་ཁྱབ་ཀྱི་འགན་འཁུར་དང་བྱམས་བརྩེ་དང་སྙིང་རྗེ་རང་རྒྱུད་ལ་དགོས་ཀྱི་ཡོད་པའི་ལམ་སྟོན་འོག་ང་ཚོས་༧གོང་ས་མཆོག་དབུ་བཞུགས་ཀྱི་བགྲོ་གླེང་ལྷན་ཚོགས་དེ་བརྒྱུད་འཛམ་གླིང་ཁྱོན་ཡོངས་སུ་ཕན་ཚུན་གཅིག་གི་གཅིག་ལ་རོགས་ཕན་རྒྱ་གང་ཆེ་བྱེད་ཐུབ་པའི་བསམ་བློའི་འཁྱེར་བཟོ་དེ་གོང་འཕེལ་འགྲོ་བའི་རེ་བ་བྱེད་བཞིན་ཡོད་ཅེས་་་Starkey རྣ་བ་ཉན་ཆས་འཕྲུལ་རིག་ལས་ཁང་གི་འགན་འཛིན་Bill Austin ཡིས་གསུངས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ནང་ཨ་རིར་ཆིབས་བསྒྱུར་སྐྱོང་གནང་མཛད་ཀྱི་ཡོད་པའི་ཁུངས་སུ་སྤྱི་ཚེས་༡༥ནས་༡༨་བར་San Diego དང་། ཚེས་༡༩དང་༢༠་གཉིས་ལ་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་Orange Countyཁུལ་མཛད་འཆར་དང་། དེ་ནས་༢༡ནས་༢༤བར་མི་ཎི་སོ་ཊ་མངའ་སྡེ་ནས་ཚེས་༢༤ནས་༢༦བར་Bostonལ་ཆིབས་བསྒྱུར་དང་། ཚེས་༢༦ཉིན་Boston ནས་རྒྱ་གར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།